བོན་པོའི་བཀའ་འགྱུར།

Ⅳ ༄། །དྲུག་པ། ལྷ་མོ་སུམ་བརྒྱ་ལ་ཕྱག་བཙལ་བའི་ལེའུ།

上一章
下一章
1-19b

ཀྱིས་གསུངས་པ། བདག་གི་སྐུ་གསུང་ཐུགས་ཀྱི་མན་ངག་བོན་བསྟན་པས། ཁྱོད་ཀྱི་ལུས་ངག་ཡིད་དང་གསུམ་གྱི་སྒྲིབ་པ་བྱང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཡང་སྤྲུལ་པའི་སྐུ་གྲངས་མེད་པ་ཡིས། འགྲོ་བའི་དོན་ནུས་པར་ཤོག་ཅིག་གསུངས་པས། སློབ་བུ་རྣམས་ཀྱང་དཔེའུ་ཙེ་རྣམ་པ་གསུམ་གྱི་དོན་ཐུགས་སུ་གསོལ་ཅིང་། ཕ་རོལ་དུ་ཕྱིན་པ་བཅུའི་སྒོ་གང་ལ་ཡང་མ་འགགས་པས། སྲོད་ལ་འོལ་མོ་ལུང་རིང་དུ་གཤེན་རབ་ལ་མཆོད་པ་ཕུལ། གུང་ལ་བྲག་སེང་གེ་རྒྱབ་སྣོལ་ཕུག་ཏུ། བདུད་ཀྱི་བུ་མ་ཏྲང་རུ་རིང་བཏུལ། ཐོ་རངས་རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོ་ལ་མངོན་སུམ་དུ་སངས་རྒྱས་སོ། །དེའི་ཚེ་དེའི་དུས་ནས། སྟོན་པ་གཤེན་རབ་མི་བོ་ནི། རྨ་ལོ་དང་གཡུ་ལོ་དང་། ཡིད་ཀྱི་ཁྱེའུ་ཆུང་དང་། གསས་མཁར་ཤམ་པོ་ལྷ་རྩེ་ལ། མེ་ཏོག་སྣ་ཚོགས་ཀྱི་མཆོད་པ་ཕུལ་བས། དེའི་བྱིན་རླབས་ཀྱིས་སྟོན་པའི་སྐུ་ལས་འོད་ཟེར་མང་པོ་འཕྲོས་སོ། །ཤར་ཕྱོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་འོད་ཟེར་དཀར་པོ་འཕྲོས་པས། ཞེ་སྡང་དམྱལ་བ་རྣམས་ཀྱི་སྒོ་བཅོད་པའི་དོན་ཆེད་དུ། ཡུལ་ཅིག་སྲིད་པའི་མིང་ནི་གར་ཡུལ་གསས་འབྲང་

1-20a

ཡིན། མཁར་ཅིག་སྲིད་པའི་མིང་ནི་དགུ་ཁྲི་ཆུང་འདུལ་ཡིན། བོན་ཅིག་སྲིད་པའི་མིང་ནི་ལྡེ་བོ་སྐད་ཆེན་ཡིན། ལྷ་ཅིག་སྲིད་པའི་མིང་ནི་གར་གསས་བཙན་པོ་ཡིན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་འོད་ཟེར་ལྗང་གུ་འཕྲོས་པས། འདོད་ཆགས་ཡི་དྭགས་ཀྱི་སྒོ་གཅོད་པའི་དོན་ཆེད་དུ། ཡུལ་ཅིག་སྲིད་པའི་མིང་ནི་རྒོད་ཡུལ་ཁྲི་འཕང་ཡིན། མཁར་ཅིག་སྲིད་པའི་མིང་ནི་ཁྲི་སྐོར་ལྡེམ་ཉག་ཡིན། ལྷ་ཅིག་སྲིད་པའི་མིང་ནི་རྒོད་གསས་ཁམས་པ་ཡིན། བོན་ཅིག་སྲིད་པའི་མིང་ནི་མང་གཤེན་རྒྱལ་བ་ཡིན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་འོད་ཟེར་དམར་པོ་འཕྲོས་པས། གཏི་མུག་བྱོལ་སོང་རྣམས་ཀྱི་སྒོ་བཅད་པའི་ཕྱིར། ཡུལ་ཅིག་སྲིད་པའི་མིང་ནི་གསས་ཡུལ་སྒབ་འབྲང་ཡིན། མཁར་ཅིག་སྲིད་པའི་མིང་ནི་ཁ་རག་བདུད་འདུལ་ཡིན། ལྷ་ཅིག་སྲིད་པའི་མིང་ནི་གསས་རྗེ་རྨང་པོ་ཡིན། བོན་ཅིག་སྲིད་པའི་མིང་ནི་བ་རབ་གླིང་བཞི་ཡིན།ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་འོད་ཟེར་སྔོན་པོ་འཕྲོས་པས། ཕྲག་དོག་མི་རྣམས་ཀྱི་སྒོ་གཅོད་པའི་ཕྱིར། ཡུལ་ཅིག་སྲིད་པའི་མིང་ནི། གནམ་ཡུལ་སྡིངས་ཆེན་

1-20b

ཡིན། མཁར་ཅིག་སྲིད་པའི་མིང་ནི་ཟོ་བོ་ཁྱུང་ལག་ཡིན། ལྷ་ཅིག་སྲིད་པའི་མིང་ནི་གནམ་གསས་དབྱིངས་རུམ་ཡིན། བོན་ཅིག་སྲིད་པའི་མིང་ནི་བ་རབ་གླིང་རྩོལ་ཡིན།དབུས་ཕྱོགས་འཇིག་རྟེན་གྱི་ཁམས་སུ་འོད་ཟེར་སེར་པོ་འཕྲོས་པས། ང་རྒྱལ་ལྷ་མ་ཡིན་རྣམས་ཀྱི་སྒོ་བཅད་པའི་ཕྱིར། ཡུལ་ཅིག་སྲིད་པའི་མིང་ནི། ནམ་མཁའ་དྲོ་མོ་ལྗོངས་ཡིན། མཁར་ཅིག་སྲིད་པའི་མིང་ནི་ཀུན་གྲུབ་རྫོགས་པའི་མཁར་ཡིན། ལྷ་ཅིག་སྲིད་པའི་མིང་ནི་འོད་དཀར་ཐུགས་རྗེ་ཅན་ཡིན། བོན་ཅིག་སྲིད་པའི་མིང་ནི་འཕྲུལ་གཤེན་གསང་བ་ཡིན། དེ་ལྟར་ཡེ་ཤེས་ཀྱི་ལྷ་ལྔ་ཕྱོགས་བཞི་དབུས་དང་ལྔ་རུ་ཞལ་ལྷག་གིས་བྱུང་བས། གཤེན་རབ་ཀྱང་རབ་ཏུ་ཐུགས་དགེས་ནས། མཆོད་པ་རྣམ་པ་ལྔ་ཕུལ་ལོ། །གཤེན་ཆེན་པོ་ལྔས་གཤེན་རབ་ཀྱི་ཞལ་མཐོང་བས། སྤྱན་སྔར་འདུས་ནས་བསྐོར་བ་བྱས། ལྷ་ཕྱག་བཙལ། མཆོད་པ་ཕུལ་ནས་ཞུས་པའི་མདོ། བདག་ཅག་གཤེན་པོ་ལྔ་ནི་འཁོར་བའི་ལམ་ལྔ་སྒོ་གཅོད་པའི་བོན་པོ་ལགས་ན། གསས་མཁར་སུམ་བརྒྱ་དྲུག་ཅུའི་ནང་ནས་ཀྱང་ངེས་ཚིག་བདེན་པའི་དོན་ཅིག་བདག་ཅག་རྣམས་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་

1-21a

ཏོ། གཤེན་རབ་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུས་ཞུས་སམ་གསོལ་བ་ནི། ཤིན་ཏུ་ཡང་ལེགས་སོ། །སེམས་ཅན་ཐམས་ཅད་ནི་རྒྱུ་དུག་ལྔའི་དབང་གིས་འཁོར་བའི་གནས་ལྔར་སྐྱེས་ཏེ། དེ་རྒྱུན་གཅད་པའི་ཕྱིར། བོན་སྒོ་བཞི་མཛོད་དང་ལྔའི་དོན། ཁྱོད་རྣམས་ལ་བསྟན་པར་བྱ་ཡིས་གསུངས་ཏེ། གདན་སེང་གེའི་ཁྲི་ལ་ནི་བཞུགས། གསེར་གྱི་ཆག་ཤིང་གཡུའི་གཡུང་དྲུང་རིས་ཅན་ནི་ཕྱག་ན་བསྣམས། སློབ་བུ་རྣམས་ཀྱིས་ཀྱང་པུས་མོ་ནི་བཙུགས། ཐལ་མོ་ནི་སྦྱར་ནས། གསས་མཁར་ཤམ་པོ་ལྷ་རྩེ་ན། སྒོ་བཞི་མཛོད་དང་ལྔའི་བོན་འཆད་ཅིང་བཞུགས་སོ། །དེའི་ཚེ་དེའི་དུས་ཙམ་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། སྒྲ་སྙན་པ་གྲག་ཅིང་འདུག་གོ། །དེ་ནས་འོད་གསལ་མང་པོ་ཤར་གྱིན་འདུག་གོ། །དེ་ནས་དར་ཁྲ་བོ་ཅིག་འོང་གིན་འདུག་གོ། །དེ་ནས་མི་མང་པོ་ཅིག་འོང་གིན་འདུག་གོ། །དེ་ནས་ཡུལ་འོལ་མོ་ལུང་རིང་དུ་ཕེབས་སོ། །དེ་ནས་མི་དེ་རྣམས་ཀྱིས་སྟོན་པ་ལ་བསྐོར་བ་བྱས། ལྷ་ཕྱག་བཙལ། མཆོད་པ་ཕུལ་ནས་ཞུས་པའི་མདོ། ཡུལ་འདིའི་མིང་ནི་ཅི་ལགས། མཁར་འདིའི་མིང་ནི་ཅི་ལགས། གསས་

1-21b

མཁར་འདིའི་མིང་ནི་ཅི་ལགས། མི་ཁྱོད་རྣམས་ཀྱི་མཚན་ཅི་ལྟར་ལགས། སྟོན་པ་གཤེན་རབ་མི་བོ་ནི། ད་ཡུལ་གང་ན་ཡོད། སྐྱེས་བུ་ཆེན་པོ་ཁྱད་པར་དུ་འཕགས་པ་ཞིག་གདའ་ན། ཉིད་ལྟ་བུ་ལགས་པ་ནི་སྲིད་དམ། དེ་ལ་སྟོན་པས་བཀའ་སྩལ་པ། ཡུལ་འདིའི་མིང་ནི་འོལ་མོ་ལུང་རིང་བྱ་བ་ཡིན་ནོ། །མཁར་འདིའི་མིང་ནི་བར་པོ་སོ་བརྒྱད་བྱ་བ་ཡིན་ནོ། །གསས་མཁར་འདིའི་མིང་ནི་ཤམ་པོ་ལྷ་རྩེ་བྱ་བ་ཡིན་ནོ། །སྟོན་པ་གཤེན་རབ་མི་བོ་ནི་བདག་ཉིད་ཡིན་ནོ། །འཁོར་བ་འདི་རྣམས་ནི་གཤེན་ཆེན་པོ་ལྔ་ཡིན་ཏེ། བོན་སྒོ་བཞི་མཛོད་དང་ལྔ་ཉན་པ་ལགས་སོ། །རིགས་ཀྱི་བུ་ཁྱེད་ནམ་མཁའ་ནི་དར་གྱིས་བཀང་། ས་གཞི་ནི་རོལ་མོས་བཀང་། ཟངས་ཀྱི་ཤིང་རྟ་འཁོར་ལོ་བཞི་པ་ལ་ནི་ཞོན།འཁོར་པ་མང་པོས་ནི་མཐའ་སྐོར། ཤིན་ཏུ་ཡང་ངོ་མཚར་དུ་ཆེ་བ་ཅིག་སྣང་ངོ་། །ཡུལ་ཅི་སྐད་བྱ་བ་ནས་འོངས། མིང་ཇི་སྐད་བྱ་བ་ཡིན། རིགས་ནི་ཇི་སྐད་བྱ་བ་རུ་གཏོགས། ད་ལྟར་ནི་གང་དུ་འགྲོ་བ་ཡིན། དེ་སྐད་ཅེས་གཤེན་རབ་ཀྱིས་བཀའ་སྩལ་ཏོ། །མི་རྣམས་ཀྱིས་སྟོན་པའི་ཞབས་ལ་སྤྱི་བོས་གཏུགས་ཏེ། ལྷ་ཕྱག་ལན་བདུན་བཙལ་ནས་

1-22a

ཞུས་པའི་མདོ། བགྲོད་པས་ཕྱིན་ནོ་རེ་དགའ་རེ་སྐྱིད་ན། བསམ་པས་གྲུབ་པོ་རེ་དགའ་རེ་སྐྱིད་ན། གཤེན་རབ་ཞལ་མཐོང་རེ་དགའ་རེ་སྐྱིད་ན། སྟོན་པ་ལགས།བདག་ཅག་མཆིས་པའི་ཡུལ་ནི། འཇིག་རྟེན་གྱི་ཁམས་ཤར་ཕྱོགས་ཀྱི་གླིང་། ཧོས་མོ་གླིང་དྲུག་བྱ་བ་ལགས་སོ། །མཁར་གྱི་མིང་ནི་འབར་བ་རྩེ་དགུ་བྱ་བ་ལགས་སོ། །གྲོང་ཁྱེར་གྱི་མིང་ནི་གདལ་ཁྱབ་ཀུན་སྤྲོ་བྱ་བ་ཡིན་ནོ། །རྒྱ་མཚོའི་མིང་ནི་གཡུང་དྲུང་མིག་དགུ་བྱ་བ་ལགས་སོ། །ཡུལ་དེ་ན་རྩྭ་སྣ་ཚོགས་ཀྱང་འཁྲུང་ངོ་། །ཤིང་སྣ་ཚོགས་ཀྱང་འཁྲུང་ངོ་། །སེམས་ཅན་སྣ་ཚོགས་ཀྱང་གནས་སོ། །བདག་ནི་རྒྱལ་པོ་ཧོས་ཀྱི་རིགས་ལགས་སོ། །མིང་ནི་ཧོས་དང་བ་ཡིད་རིངས་བྱ་བ་ལགས་སོ། །ཡུལ་དེ་ན་གསོན་གྱི་ལོངས་སྤྱོད་ནི། བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ན། སེམས་ཅན་གྱི་བུ་ལགས་པས། སྐྱེ་འཆི་དང་འདུ་འབྲལ་ལ་གནས་ན། མཐོ་རིས་སུ་འདྲེན་པ་དང་། ཐར་ལམ་སྟོན་པའི་སློབ་དཔོན་མི་བདོག་ནས། སྟོན་པ་ཉིད་ད་ལྟ་སྤྱན་འདྲེན་དུ་འོངས་པ་ཡིན། ད་ཡང་སྟོན་པའི་སྒྲོན་མ་གཤེན་རབ་མི་བོ་ལགས། བདག་གི་མཆོད་གནས་དམ་པར་གཤེགས་པར་ཞུ། དེ་སྐད་ཅེས་

1-22b

རྒྱལ་པོས་གསོལ་པས། དེ་ནས་སྟོན་པས་གཤེན་རབ་མི་བོས་ཐུགས་ལ་དགོངས་ནས་བཀའ་སྩལ་པ། ཧོས་དང་བ་ཡིད་རིངས་ཁྱོད་ནི་ཤིན་ཏུ་ངག་འཇམ་ལ། རབ་ཏུ་ཁོང་དལ་བ་སྙིང་རྗེ་ཆེན་པོའི་སེམས་དང་ལྡན་པ་ཞིག་སྣང་བས། བདག་ནི་ཕྱོགས་བཞི་དབུས་དང་ལྔའི་གཤེན་ཆེན་པོ་ལྔ་ལ། བོན་སྒོ་བཞི་མཛོད་དང་ལྔའི་དོན་སྟོན་པས། བསྟན་པའི་འདིའི་འཕྲོ་བཅད་དུ་མི་རུང་བས། སྲིད་པ་སངས་པོ་འབུམ་ཁྲིའི་སྤྲུལ་པ། ཡིད་ཀྱི་ཁྱེའུ་ཆུང་ཟུར་ཕུད་ཅན་འདི། རྒྱལ་པོའི་མཆོད་གནས་དང་། སྟོན་པའི་སྒྲོན་མ་ལ་ཡུལ་དེར་བཏང་བས། ཡིད་ཀྱི་ཁྱེའུ་ཆུང་ཁྱོད་ནི་ཐུགས་རྗེ་ཆེ་ཞིང་བྱིན་རླབས་དྲག་ལ། དབང་པོ་གསལ་ཞིང་ཤེས་རབ་དྭངས་པ། འདུ་ཤེས་མྱུར་ཞིང་ཚོར་བ་སྐྱེན་པ། འཕྲིག་པ་རྣོ་ཞིང་རྟུལ་ཤུགས་ཆེ་བ། ངས་ཀྱང་བསྟན་ནི་མི་དགོས་པའི་བློ་ཅན་ཡིན་ན། སྟོན་པའི་བཀའ་འདི་དང་དུ་ལོངས་ཤིག །བདེན་པའི་ཚིག་འདི་གཟུངས་སུ་ཟུངས་ཤིག །སྤྱོད་པ་ནི་མས་འཛེགས་ཤིག །ལྟ་བ་ནི་ཡས་ཕུབ་ཅིག །གཞི་ནི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག །ཐབས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིག །དེ་སྐད་ཅེས་གཤེན་རབ་ཀྱིས་བཀའ་སྩལ་ཏོ། །ཡིད་ཀྱི་ཁྱེའུ་ཆུང་གིས་གསོལ་པ།