བོན་པོའི་བཀའ་འགྱུར།
XII གཤེན་རབ་ཀྱི་ཡབ་ཡུམ་གྱི་ལེའུ།
གྱི་བོན་བསྟན་ནས། གྲོང་ཁྱེར་ལང་ལིང་བདག་ཏུ་བསྐོས། །གྲོང་ཁྱེར་ལང་ལིང་དབུས་དཀྱིལ་དུ། །གསས་མཁར་ཁོང་མ་རུང་རིངས་བཞེངས། །འབྱུང་བ་བཞིའི་གཤེན་པོ་ཡང་། །འཁོར་བའི་སེམས་ཅན་མང་པོ་ལ། །ཁོང་མ་རུ་རིངས་གསས་མཁར་ན། །རྒྱས་པ་འབུམ་གྱི་བོན་བསྟན་ནོ། །དེ་ནས་ཡང་སྟོན་པ་གཤེན་རབ་མི་བོ་ནི། མཚོ་མུ་ལེ་སྟོང་ལྡན་ཧད་ཀྱི་འགྲམ་དུ་སྐུ་ཁྲུས་ལ་གཤེགས་སོ། །ཟླ་བ་ཉ་གསུམ་གྱི་དུས་ཁྱད་པར་ཅན། ཉ་དང་པོ་དཀར་བའི་དུས་སུ་སྟོན་པ་ལ་གནམ་གྱི་ལྷས་སྐུ་ཁྲུས་གསོལ། ཉ་དབུ་མ་དམར་བའི་དུས་སུ་སྟོན་པ་ལ་བར་གྱི་མིས་སྐུ་ཁྲུས་གསོལ། ཉ་ཐ་མ་སྔོ་བའི་དུས་སུ་སྟོན་པ་ལ་སའི་ཀླུས་སྐུ་ཁྲུས་གསོལ། ལྷ་ཀླུ་མི་དང་གསུམ་གྱི་སློབ་བུ་འབུམ་ཕྲག་མང་པོས་གཤེན་རབ་སྐུ་ལ་བསྐོར་ནས། འོལ་མོ་ལུང་རིང་གནས་མཆོག་དམ་པ་རུ། སྒྲ་དང་རོལ་མོ་མང་པོས་སྣ་དྲངས་ཏེ་གཤེགས། བཀྲ་ཤིས་ཕོ་བྲང་བར་པོ་སོ་བརྒྱད་དུ། ལྷ་ཀླུ་མི་དང་གསུམ་གྱི་སློབ་བུ་ལ། དཔེའུ་ཙེ་རྣམ་པ་གསུམ་གྱི་བོན་སྟོན་ནོ། །འགྲོ་བ་རིགས་དྲུག་སེམས་ཅན་མཐའ་ཡས་ལ། །སྟོན་པའི་དབང་པོ་དྲུག་ལས་འོད་ཟེར་ཕྱུང་། །འདུལ་བའི་

གཤེན་དྲུག་སྤྲུལ་ནས་གདུལ་བ་མཛད་དོ། །ལྟུང་བའི་སྡུག་བསྔལ་ཆེ་བའི་ལྷ་ཡུལ་དུ། ལྷའི་བོན་པོ་གསལ་བར་ཀུན་ཤེས་སུ་སྤྲུལ་ནས། ལྷ་རྣམས་ལ་འདྲེན་པའི་སྟོན་པ་མཛད་དོ། །ལྷ་མ་ཡིན་གྱི་ཡུལ་ན་ལྷ་མ་ཡིན་གྱི་བོན་པོ་མུ་སངས་ལྕེ་འབར་དུ་སྤྲུལ་ནས། རྩོད་པའི་ལྷ་མ་ཡིན་རྣམས་ལ་འདྲེན་པའི་སྟོན་པ་མཛད་དོ། །འཁོར་བ་མིའི་ཡུལ་ན་མིའི་བོན་པོ་སྟོན་པ་གཤེན་རབ་ཉིད་དུ་སྤྲུལ་ནས། ཆགས་པའི་མི་རྣམས་ལ་འདྲེན་པའི་སྟོན་པ་མཛད་དོ། །འཐིབས་པ་བྱོལ་སོང་གི་ཡུལ་དུ། བྱོལ་སོང་གི་བོན་པོ་རྟིང་གསལ་ཧད་ཀྱི་སྒྲོན་མ་ལྟ་བུར་སྤྲུལ་ནས། འཐིབས་པ་བྱོལ་སོང་རྣམས་ལ་འདྲེན་པའི་སྟོན་པ་མཛད་དོ། །བཀྲེས་སྐོམ་ཡི་དྭགས་ཀྱི་ཡུལ་དུ། ཡི་དྭགས་ཀྱི་བོན་པོ་གྲངས་འཛིན་དབྱིངས་སྤུངས་ལྟ་བུར་སྤྲུལ་ནས། བཀྲེས་སྐོམ་ཡི་དྭགས་འདྲེན་པའི་སྟོན་པ་མཛད་དོ། །སྡུག་བསྔལ་དམྱལ་བའི་ཡུལ་དུ་བྱོན་ནས། དམྱལ་བའི་བོན་པོ་འཕྲུལ་བོན་ངར་དྲག་འཇམ་པ་ལྟ་བུར་སྤྲུལ་ནས། སྡུག་བསྔལ་དམྱལ་བ་རྣམས་ལ་འདྲེན་པའི་སྟོན་པ་མཛད་དོ། །དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་མི་བོ་ནི། འོལ་མོ་ལུང་རིང་ན་གཡུང་དྲུང་བོན་གྱི་བསྟན་པ་

ཉན་པའི་སེམས་ཅན་ནི་རབ་ཏུ་ཡང་གྲངས་མང་སྟེ། ནམ་མཁའི་སྤྲིན་ཚོགས་བཞིན་དུ་གཏིབས་ཏེ་ཉན་ནོ། །སྟོན་པས་ཀྱང་སེམས་ཅན་རྣམས་ལ། སྐུས་འདུལ་བ་རྣམས་ལ་བསྟན་པ་སྐུའི་དཔེའུ་ཙེ་བསྟན་ནོ། །གསུང་གིས་འདུལ་བ་རྣམས་ལ་བསྒྲགས་པ་གསུང་གི་དཔེའུ་ཙེ་བསྟན་ནོ། །ཐུགས་ཀྱིས་འདུལ་བ་རྣམས་ལ་སྒྲུབ་པ་ཐུགས་ཀྱི་དཔེའུ་ཙེ་བསྟན་ནོ། །གཤེན་རབ་ཀྱིས་བསྟན་པ་སྤེལ་བའི་ལེའུ་སྟེ་བཞི་པའོ།། །།༆ གཡུང་དྲུང་ལྷའི་སྐད་དུ་ན། ཀ་ཏྲག་ཧ་ལིང་མུ་སངས་ལམ། གང་ཟག་མིའི་སྐད་དུ་ན། དུས་དེ་ཙམ་ན་སྟོན་པའི་སྐུ་ངོ་བོ་ཉིད་ཀྱིས་བོན་སྟོན་ཀྱང་། སེམས་ཅན་མིའི་བུ་ལ་ཤིན་ཏུ་སྡིག་ཆེ་བའི་གཏོ་བུ་དོད་དེ་གསོན་ཚེ་བཏུལ་བས་མ་ཐུལ་ནས། ཤིན་ཏུ་སེམས་ཅན་དམྱལ་བར་སྐྱེས་པ། སྟོན་པའི་ཐུགས་རྗེས་བཟུང་ནས། ལྷ་གཤེན་བརྒྱ་ལ་ཕྱག་བཙལ་བས་ལས་ཀྱི་སྒྲིབ་པ་བྱང་ནས་གཤིན་ཚེ་འདྲོངས་པའི་ལེའུའོ། །དེའི་ཚེ་དེའི་དུས་ན། ནམ་མཁའ་ལ་སྒྲ་སྙན་པ་བྱུང་ངོ་། །བར་སྣང་ལས་འོད་གསལ་བ་ཤར་རོ། །ས་གཞི་ཡང་ཤིན་ཏུ་འགུལ་ལོ། །འཛམ་བུའི་གླིང་གི་མི་རྣམས་ཀྱང་ཤིན་ཏུ་སྐྲག་གོ། །དུས་དེར་ནམ་མཁའ་སྟོང་པའི་

དཀྱིལ་ཤེད་ནས། ཁྱེའུ་ཆུང་གཡུ་ཡི་ཟུར་ཕུད་ཅན། །སྐུ་མདོག་ཤེལ་ལྟར་གསལ་ལ་དག །ཡི་གེ་འཕྲུལ་གྱི་སླག་པ་གསོལ། །གཡུ་འབྲུག་སྔོན་པོའི་རྟ་ལ་ཞོན། །ཀུན་ཏུ་འཁོར་འཁོར་ལྡིང་ལྡིང་ནས། །གཤེན་ཡུལ་འོལ་མོ་ལུང་རིང་ན། །སྟོན་པ་གཤེན་རབ་མི་བོ་ནི། །སློབ་བུ་འབུམ་ཕྲག་མཐའ་ཡས་ལ། །དཔེའུ་ཙེ་རྣམ་པ་གསུམ་གྱི་བོན་འཆད་ན། །འཆད་པའི་གྲལ་དུ་ཤད་ཀྱིས་བབས། །དེ་ལ་ཀུན་ཀྱང་ངོ་མཚར་སྐྱེས། །སྟོན་པ་གཤེན་རབ་ཞལ་ན་རེ། །ཁར་ཚང་(དངང་)སྒྲ་དང་འོད་བྱུང་བ། །དེ་ནི་འདི་ཡི་སྤྲུལ་པ་ཡིན། །ཁྱེའུ་ཆུང་མཚན་དང་ལྡན་པ་ཁྱོད། །གང་རིགས་གར་འགྲོ་གང་ལ་དོན། །དེ་སྐད་ཅེས་སྟོན་པས་བཀའ་སྩལ་པས། ཁྱེའུ་ཆུང་གིས་སླར་གསོལ་པ། རྗེ་གཅིག་གཤེན་རབ་མི་བོ་ལགས། །བདག་ཡིད་ཀྱི་ཁྱེའུ་ཆུང་ཟུར་ཕུད་ཅན། །གཟུགས་ཕུང་ཤེལ་ལྟར་གསལ་ལ་དངས། །ཡི་གེ་འཕྲུལ་གྱི་སླག་པ་གསོལ། །མགྱོགས་པ་གཡུ་འབྲུག་རྟ་ལ་ཞོན། །གཏོ་ཡི་བཀའ་སྒྲོམ་ཡང་ཆུང་འགེལ། །སངས་པོ་འབུམ་ཁྲིའི་སྤྲུལ་པ་ལགས། །གཤེན་རབ་ཉིད་ཀྱི་སྤྱན་སྔར་མཆིས། །དེ་སྐད་ཅེས་གསོལ་ནས། འབྲུག་གི་རྟ་ལས་བབས་སོ། །

སྟོན་པ་ལ་བསྐོར་བ་བྱས་སོ། །ལྷ་ཕྱག་བཙལ་ལོ། །རིན་པོ་ཆེ་སྣ་ལྔའི་མཆོད་པ་ཕུལ་ལོ། །དེ་ནས་པུས་མོའི་ལྷ་ང་ས་ལ་བཙུགས་ནས། ཡང་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་གཤེན་རབ་མཁས་པའི་མཆོག །འགྲོ་བའི་དོན་མཛད་ཀུན་གྱི་རྗེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན། །སྲིད་པའི་རྒྱལ་པོ་སངས་པོ་ཡིས། །སྲིད་(སྤྲིངས་)པའི་ཡི་གེ་སྙན་དུ་ཞུ། །དེ་སྐད་ཅེས་གསོལ་ནས། རིན་པོ་ཆེའི་སྒྲོམ་བུའི་ཁ་ཕྱེས་ནས། ཞུས་པའི་མདོ། སྟོན་པའི་གཤེན་རབ་ལགས། སངས་པོ་འབུམ་ཁྲིའི་ཞལ་ནས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། ཡུལ་གྱི་མིང་ནི་འོད་མ་འབྱམ་སྐྱ་བྱ་བ་ལགས་སོ། །མཁར་གྱི་མིང་ནི་དང་བ་རྫོང་ཕུག་བྱ་བ་ལགས་སོ། །ཕའི་མིང་ནི་གཏོ་ཁྲི་རྗེ་ཐང་པོ་བྱ་བ་ལགས་སོ། །མའི་མིང་ནི་དཔྱད་གུང་བཙུན་ཁྲི་མ་བྱ་བ་ལགས་སོ། །གཏོ་དཔྱད་དེ་གཉིས་ཀྱི་བུ་ནི་གཏོ་བུ་དོད་དེ་བགྱི་བ་ལགས་སོ། །འཛམ་བུའི་གླིང་གི་མི་ལགས་སོ། །གཏོགས་ནི་རྗེའུའི་རིགས་སུ་གཏོག་ཏེ། མིར་གྱུར་པ་ལ་དེ་ལས་སྡིག་ཆེ་བ་མེད་པས། གནམ་ལ་འཕུར་དགུ་དང་ས་ལ་འཛུལ་དགུ་དང་། བར་ན་འགྲིམ་དགུ་རྣམས་ལ་སྒྱུ་ཆེ་ཞིང་ཐབས་མཁས་ལ། རྩལ་ཆེ་ཞིང་ཁོང་

དྲག་པས། སྟོང་ཁ་ཕུང་ཞིང་གསད་དོ། །མི་དགེ་བ་ལ་རྩོལ་བ་ཀུན་ཀྱང་ཚེ་ཕྱི་མ་བྱ་བ་རྫུན་ཡིན་ཟེར་ནས། སྡིག་པ་ལ་འཛུད་ཅིང་ཤན་དམར་ལ་སྤོག་གོ། །གཞན་དག་གི་མི་ལ་ཡང་། རྐུ་བ་དང་། དམག་ཤོམ་པ་དང་། མཐོ་བའི་མཁར་འབེབས། དམའ་བའི་ཡུལ་འཕྲོག །མི་རྟ་གྲིར་བསད། ནོར་ཕྱུགས་གནངས་སུ་བཅད། དེའི་སྐྱེ་མཆེད་ཀྱིས་ཡུལ་ཡུལ་ཁམས་ཙམ་ཡང་། དགེ་བའི་ལས་སྤྱོད་པ་ནི་ནམ་ལངས་ཀྱི་སྐར་མ་བས་ཀྱང་ཉུང་། སྡིག་པའི་ལས་བགྱིད་པ་ནི་ས་གཞིའི་རྩི་ཐོག་པས་ཀྱང་མང་། དེ་ལ་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་ཡིས། ཐུགས་རྗེ་ཆེན་པོ་རབ་ཏུ་བསྐྱེད་ནས། དགེ་བའི་མི་སྲིད་ཀྱང་གཏོ་བུ་དོད་དེས་སྡིག་པར་བསྒྱུར་ཡང་ཟིན། ཡོད་པའི་ཕྱུགས་སྲིད་ཀྱང་། གཏོ་བུ་དོད་དེས་མེད་པར་བསད་ཀྱང་ཟིན། སངས་པོ་ཡང་ཤིན་ཏུ་ཐུགས་ཆད་ནས་བདག་ཞུ་བ་པོ་ལ་བརྫངས་པ་ལགས་སོ། །གཤེན་རབ་ལགས། སྡིག་ཅན་གཏོ་བུ་དོད་དེ་འདུལ་བར་མཛད་པར་ཞུ་བ་ལགས། ཡིད་ཀྱི་ཁྱེའུ་ཆུང་གིས་དེ་སྐད་ཅེས་གསོལ་ཏོ། །སྟོན་པ་གཤེན་རབ་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་མ་ལགས་ཏེ། འབུམ་ཕྲག་ཙམ་གྱི་སློབ་བུ་མང་པོ་

ཡང་། འཕྲུལ་ངག་བདེན་པའི་བོན་ལ་ཚུར་ཉན་ན། སྡིག་ཅན་གཏོ་བུ་དོད་དེ་གཅིག་པུ་ལ། །བདག་གིས་ཕར་ལ་བཤད་པ་མི་རིགས་སོ། །ཡང་ཡིད་ཀྱི་ཁྱེའུ་ཆུང་གིས་ཞུས་པ། སྟོན་པའི་སློབ་བུ་འབུམ་ཕྲག་མང་པོ་འདི། །སྔོན་ཚེ་གོང་ནས་སྦྱངས་པའི་འཕྲོ་ཅན་ལགས། །སྟོན་པའི་ཞལ་མཐོང་(ཞིང་ཚིག་བསླབ་པས་)ཚིག་འགའ་བསླབས་པས་འཚལ། །སྡིག་པ་མི་བགྱིད་དགེ་བའི་ཚོགས་གསོག་ངེས། །མཐར་ཡང་བླ་མེད་པའི་གོ་འཕང་འཐོབ་པའི་རིགས། །གཏོ་བུ་དོད་དེ་གཅིག་པུ་མ་བཏུལ་ན། །ཟླ་བ་ངོ་རེ་ལ་ཡང་སེམས་ཅན་འབུམ་ཚོ་འགུམས། །དགེ་བའི་ཁེབས་སུ་གཏོ་བུ་བཏུལ་ན་ཆེ། །སྟོན་པའི་སྒྲོན་མ་མྱུར་དུ་གཤེགས་པར་ཞུ། །དེ་སྐད་ཅེས་གསོལ་པ་དང་། ཡང་གཤེན་རབ་ཀྱིས་བཀའ་སྩལ་པ། ཇི་ལྟར་དགུན་ཟླ་གསུམ་གྱི་ས་འཁྱགས་ཆུ་འཁྱགས་ནས། །ཆུ་མིག་རིས་སུ་གཏོགས་པ་འགའ་ཙམ་ཡང་། །ཚུར་ལ་བཙལ་ནས་སེམས་ཅན་འཐུང་བ་ལས། །ཆུ་མིག་ཕར་འཐུང་ཟེར་ནས་འགྲོ་བ་གཟིགས་ལགས་སམ། །སྐོམ་པ་གང་ཞིག་ཆུ་ཁར་མི་འོང་བར། །མྱུར་ལ་ཕར་གཤེགས་བྱ་བ་ཁྱེའུ་ཆུང་མི་རིགས་ངེས། །སྟོན་པས་བྱིན་གྱིས་རླབས་ཀྱིས་མ་ཐུལ་ན། །ངོ་རུས་གཏུགས་པས་སེམས་

ཅན་དེ་ནི་མི་ཐུལ་བར་ངེས། །དེ་སྐད་ཅེས་བཀའ་སྩལ་ཏོ། །ཡང་ཡིད་ཀྱི་ཁྱེའུ་ཆུང་ཟུར་ཕུད་ཅན་གྱིས་གཤེན་རབ་ལ་གསོལ་པ། སྟོན་པའི་སྒྲོན་མ་གཤེན་རབ་མི་བོ་ལགས། །ཐ་རམས་ལྕགས་ཀྱིས་བསྡམས་ན་མགར་བ་འཚལ་བ་ལགས། །བལ་གྱི་སྐུད་པ་ལགས་ན་ཀུན་དང་ཀུན་གྱིས་འགྲོལ། །དགེ་བ་ཅན་ནི་སྐྲད་ཀྱང་སྟོན་པའི་སྤྱན་སྔར་འདུ། །སྡིག་པ་ཅན་ནི་མི་འོང་ཤིན་ཏུ་འབྲོས། །སེམས་ཅན་དོན་ལ་གཤེན་རབ་སྐུ་མི་འཕངས། །སྟོན་པ་ཆབ་དང་འདྲ་སྟེ་ཁོ་མི་སྐོམ། །ཚུར་ལ་འོང་བ་སྟོན་པས་མ་བཏུལ་ཡང་། །འདུལ་བའི་སེམས་ཅན་ཚུར་ལ་འདུ་བ་ཡིན། །ཕར་ལ་བཏུལ་བ་སྟོན་པའི་སྒྲོན་མ་ལགས། །མ་ཐོགས་མྱུར་དུ་སྟོན་པའི་སྒྲོན་མ་གཤེགས་པར་ཞུ། །དེ་སྐད་ཅེས་གསོལ་པས། ཡང་གཤེན་རབ་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཚེ་དང་ལྡན་པ་ཡིད་ཀྱི་ཁྱེའུ་ཆུང་ཟུར་ཕུད་ཅན། འཇིག་རྟེན་གྱི་ཁམས་ན་ཡང་གཏོ་བུ་དོད་དེ་འདི། དུག་ལྔ་སེམས་ལ་ཚང་བ་ཅིག་འདི་ཡིན་པས། མི་ཐུལ་བཞིན་དུ་འདུལ་བ་བདུད་ཀྱི་ལས་ཡིན་ནོ། །དམུ་རྒོད་བཞིན་དུ་ཤིན་ཏུ་འདུལ་དཀའ་ན། །བཏང་སྙོམས་ཙམ་དུ་(སེམས་)ལ་གཞག་པ་འབྱུང་། །གཏོ་བུ་ཤི་བའི་རྗེས་ལ་བཏུལ་ན་
