བུ་སྟོན་ཆོས་འབྱུང་།

གཉིས་པ། ཆོས་ཀྱི་སྒྲ་དོན།

上一章
下一章
7b

(གཉིས་པ། ཆོས་ཀྱི་སྒྲ་དོན།)

གཉིས་པ་ལ། དྷརྨ་ཞེས་པ་ཆོས་ཡིན་ལ་དེའི་ཁམས་ནི་དྷྲི་དྷ་ར་ཎེ་ཞེས་པ་འཛིན་པས་ན། ཆོས་ཞེས་བྱ་ལ། དེ་ལའང་ཤེས་བྱ་ནི། མཚན་ཉིད་འཛིན་པས་ཆོས་ཏེ། གཟུགས་ཀྱིས་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་འཛིན་པ་ནས། རྣམ་མཁྱེན་གྱིས་དེའི་མཚན་ཉིད་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པའི་བར་རང་རང་གི་མཚན་ཉིད་འཛིན་པ་དང་། སྤྱིའི་མཚན་ཉིད་འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་ཞེས་པའི་སྤྱིའི་མཚན་ཉིད་འཛིན་པས་སོ། །ཡིད་ཀྱི་ཡུལ་ནི། རང་གི་མཚན་ཉིད་འཛིན་པའམ་ཡིད་འཛིན་པས་ཆོས་སོ། །ཚེ་ནི། ལུས་འཛིན་པའམ་རིས་མཐུན་འཛིན་པས་ཆོས་སོ། །གསུང་རབ་ནི། རྣམ་བཤད་རིགས་པར། ཆོས། ནི་མདོ་ལ་སོགས་པ་སྟེ། རིགས་པ་སྟོན་པས་དོན་དང་དོན་ཕྱིན་ཅི་མ་ལོག་པར་ངེས་པར་འཛིན་པའི་དོན་གྱིས་སོ་ཞེས་སོ། །འབྱུང་འགྱུར་འཛིན་པ་དང་ངེས་པར་བྱ་དགོས་པའི་བྱ་བ་བྱེད་པས་འཛིན་པ་དང་། ཡུལ་དང་རིགས་ཀྱི་སྤྱོད་པ་འཛིན་པས་ཡུལ་ཆོས་ལ་སོགས་པའོ། །ལམ་དང་མྱ་ངན་ལས་འདས་པ་དང་བསོད་ནམས་གསུམ་ནི། ལྟུང་བ་ལས་འཛིན་པས་ཆོས་ཡིན་ལ། དེ་ལ་ངན་འགྲོར་ལྟུང་བ་ལས་འཛིན་པ་དང་། འཁོར་བར་ལྟུང་བ་ལས་འཛིན་པ་གཉིས་སོ། །དང་པོ་ནི། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་པ་ནི་བདེ་བར་ཉལ། །ཞེས་པ་ལྟ་བུ་ལས་འབྲས་ལ་ཡིད་ཆེས་

8a

༄༅།        །པའི་དད་པའམ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་བརྟེན་ནས་དགེ་བ་བཅུ་སྤྱོད་པའམ། འཇིག་རྟེན་པའི་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལྟ་བུ་སྟེ། དེ་དག་གིས་ངན་སོང་དུ་ལྷུང་བ་ལས་འཛིན་པས་ཆོས་ཞེས་བྱ་ལ་ཕྱི་རོལ་པ་ཁ་ཅིག་ལ་ཡང་ཡོད་དོ། །འཁོར་བར་ལྟུང་བ་ལས་འཛིན་པ་ནི། ནང་པའི་སྐྱབས་གནས་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ཞེས་པ་མྱང་འདས་དང་དེ་ཐོབ་བྱེད་ལམ་བདེན་འཁོར་དང་བཅས་པའོ། །ཐེག་ཆེན་གྱི་ལམ་དང་མྱང་འདས་དང་གསུང་རབ་ནི༏ ཐེག་དམན་དུ་ལྟུང་བ་ལས་འཛིན་པ་སྟེ། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བརྩེ་བ་སྙིང་རྗེ་ཆེན་པོ་སོགས་ཟུང་དུ་འབྲེལ་བས་སྲིད་ཞིར་ལྟུང་བ་ལས་འཛིན་པ་ཡིན་ནོ། །བྱེ་བྲག་ཏུ་དམ་པའི་ཆོས་ཀྱི་སྒྲ་དོན་ནི༏ དམ་པ་རྫོགས་པའི་སངས་རྒྱས་ཡིན་ལ་དེས་བསྟན་པའི་ཆོས་ཡིན་པས་དམ་པའི་ཆོས་ཞེས་སམ། དམ་པ་ནི། མཆོག་ཏུ་གྱུར་པ་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས་ཏེ༏ གཞི་མཐུན་པའོ། །ཡང་ན་སྐྱེས་བུ་དམ་པས་སྤྱད་པར་བྱ་བས་དམ་པའི་ཆོས་ཏེ༏ དགེ་སློང་གི་ཆོས་བཞི་བཞིན་ནོ། །