བུ་སྟོན་ཆོས་འབྱུང་།
༢. སྐྱོན་དྲུག་བསྟན་པ།
(༢. སྐྱོན་དྲུག་བསྟན་པ།)
གཉིས་པ་ནི། རྣམ་བཤད་རིགས་པར། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་བསྡུས་དང་། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་པ་ལྟར་རམ། ཡང་ན་ལས་ཀྱི་སྐྱོན་དང་། མོས་པ་མེད་པའི་སྐྱོན་དང་། མཆོད་པར་མི་འགྱུར་བའི་སྐྱོན་དང་། བསམ་པའི་སྐྱོན་དང་། མི་མཐུན་པའི་སྐྱོན་དང་། འཛིན་པའི་སྐྱོན་ནོ། །ལས་ཀྱི་སྐྱོན་ལ་ལུས་ཀྱི་ལས་སྤྱོད་ལམ་མི་སྡུག་པ་དང་། ལུས་ངག་གཉིས་ཀའི་ལས་དེ་གཉིས་ཀྱིས་བསྐུལ་བར་མི་བྱེད་པ་དང་། ཡིད་ཀྱི་ལས་ཉན་པར་མི་འདོད་པའོ། །བསམ་པའི་སྐྱོན་གཞན་ལ་ཀླན་ཀ་བཙལ་བ་དང་། འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་པར་བྱ་བའི་བསམ་པའོ། །མི་མཐུན་པའི་སྐྱོན་ལྔ་སྟེ། ཆོས་ལ་ངེས་འབྱིན་གྱི་ལམ་མིན་པར་གོ་ནས་མི་གུས་པ་དང་། ཚིག་དང་ཡི་གེ་མ་འབྲེལ་བས་བརྙས་པ་དང་། གང་ཟག་དང་ཚུལ་ཁྲིམས་དང་ཚིག་འབྱིན་པའི་སྐྱོན་གྱིས་གུས་པ་མེད་པ་དང་། རིགས་ཀྱི་སྐྱོན་གྱིས་བརྙས་པའོ། །ཁོང་དུ་ཆུད་པ་དང་སྒྲུབ་པའི་ནུས་པ་མི་འབྱུང་སྙམ་པ་བདག་ལ་བརྙས་པའོ། །འཛིན་པའི་སྐྱོན་ལྔ་སྟེ། ལོག་པར་འཛིན་པ་དང་། དོན་མི་འཛིན་པ་དང་། ཚིག་འབྲུ་མི་འཛིན་པ་དང་། བརྡ་མ་འཕྲོད་པར་འཛིན་པ་དང་། མ་ལུས་པར་མི་འཛིན་པའོ། །