བུ་སྟོན་ཆོས་འབྱུང་།

གསུམ་པ། ཁྱད་པར་དུ་མི་མཇེད་འཇིག་རྟེན་དུ་ཐུབ་པའི་དབང་པོ་བྱོན་ཚུལ།

上一章
下一章
40a

(གསུམ་པ། ཁྱད་པར་དུ་མི་མཇེད་འཇིག་རྟེན་དུ་ཐུབ་པའི་དབང་པོ་བྱོན་ཚུལ།)

གསུམ་པ་ལ་ཞིང་འདི་ལ་མི་མཇེད་ཅེས་ཟེར་བ་ནི་མི་མཇེད་ནི་བཟོད་པའི་མིང་སྟེ་ཉོན་མོངས་པ་དུག་གསུམ་གྱིས་མི་འཕྲོག་ཅིང་འདོད་ཅིང་བཟོད་ལ་དེ་ལ་སེམས་སྲན་ཐུབ་པས་མི་མཇེད་དེ་སྙིང་རྗེ་པད་དཀར་ལས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱ་ཞེ་ན། སེམས་ཅན་དེ་དག་འདོད་ཆགས་ལ་མི་མཇེད་པ་དང་ཞེ་སྡང་ལ་མི་མཇེད་པ་དང་གཏི་མུག་ལ་མི་མཇེད་པ་དང་ཉོན་མོངས་པའི་འཆིང་བ་རྣམས་ལ་མི་མཇེད་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱའོ། །འཇིག་རྟེན་གྱི་ཁམས་མི་མཇེད་དེར་བསྐལ་པ་ཆེན་པོ་བཟང་པོ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་བཟང་པོ་ཞེས་བྱ་ཞེ་ན། བསྐལ་པ་ཆེན་པོ་བཟང་པོ་དེ་ལ་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད་པ་རྣམས་ཀྱི་ནང་དུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོང་འབྱུང་བར་འགྱུར་བའི་ཕྱིར་ཏེ། ཞེས་གསུངས་སོ། །ཡང་ཞིང་དེའི་བྱང་སེམས་རྣམས་ལ་དེ་ལྟ་བུའི་ཡོན་ཏན་ཡོད་པས་དེའི་མིང་གིས་བཏགས་པའམ། ཡང་ན་སངས་རྒྱས་ལ་བཟོད་པ་དེ་མངའ་བས་དེའི་མིང་གིས་བཏགས་ཏེ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པར། བྱང་ཆུབ་སེམས་དཔའི་ཐེག་པ་པ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ་སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ་བཟོད་པ་དང་དུལ་བ་དང་དེས་པ་དང་ལྡན་པ་དག་ཡོད་དེ། དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་སྤྱོས་བསྡིགས་མཚོན་གྱིས་བཏབ་ཀྱང་ཇི་སྙམ་མི་མཇེད་དེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱིས་མི་འཕྲོག་གོ །རིགས་ཀྱི་བུ་སྐྱེས་བུ་དམ་པ་དེ་དག་གི་མིང་གིས་འཇིག་རྟེན་གྱི་ཁམས་དེ་མི་མཇེད་ཅེས་བརྗོད་དོ། །ཞེས་གསུངས་སོ། །

40b

དེ་བཞིན་དུ་སངས་རྒྱས་ཀྱི་མཚན་ལ་གདགས་ཚུལ་ཡང་གསུངས་སོ། །དེ་ལྟ་བུའི་ཞིང་འདིར་ཐུབ་པ་འབྱོན་ཚུལ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། དང་པོ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཛོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་པས། དང་པོར་ཐུགས་བསྐྱེད་ཚུལ། བར་དུ་ཚོགས་བསགས་ཚུལ། མཐར་སངས་རྒྱས་ཚུལ་ལ་ལུགས་གཉིས་ཏེ། ཉན་ཐོས་ཀྱི་ལུགས་དང་། ཐེག་ཆེན་གྱི་ལུགས་སོ། །