བུ་སྟོན་ཆོས་འབྱུང་།
༢. ངེས་ཚིག།
(༢. ངེས་ཚིག)
གཉིས་པ་ནི། དྷརྨ་ཀ་ཡ་ཞེས་པ་ཆོས་སྐུ་སྟེ༏ ཀ་ཡའི་བྱིངས་ནི་ཙི་ཙ་ཡེ་ཞེས་པ་བསགས་པ་སྟེ། ཟག་མེད་ཀྱི་ཆོས་བསགས་པས་སྐུ་ཞེས་པའམ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིག་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། །ཞེས་པ་ལྟར་ཁྱབ་པ་དང་རྟེན་བྱེད་པ་དང་ངོ་བོ་ཉིད་དུ་གྲུབ་པས་ཆོས་སྐུའོ། །སཾ་བྷོ་ག་ཀ་ཡ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཐེག་པ་ཆེན་པོའི་ཆོས་ལ་ཡོངས་སུ་རྫོགས་པར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་སྐུ་སྟེ། སྣ་ཚོགས་ཆོས་ལ་རྫོགས་ལོངས་སྤྱོད། །ཅེས་སམ། འདི་དེ་ཆོས་རྫོགས་ལོངས་སྤྱོད་པས། །ཞེས་པ་དང་། ཆོས་ལ་རྫོགས་ལོངས་སྤྱོད་དོན་ཕྱིར། །ཞེས་སོ། །ནིར་མཱ་ཎ་ཀ་ཡ་ཞེས་པ་སྤྲུལ་སྐུ་སྟེ། ངེས་པར་འགྱུར་བའམ་རྒྱུན་མི་བརྟན་པའམ་ངེས་པར་གཞན་དུ་སྤྲུལ་ཞིང་བསྒྱུར་བས་སྤྲུལ་སྐུ་སྟེ། དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པའོ། །ཞེས་སོ། །