བུ་སྟོན་ཆོས་འབྱུང་།
༥. དབྱེ་བ།
(༥. དབྱེ་བ།)
ལྔ་པ་དབྱེ་བ་ལ་ཆོས་སྐུ་ལ། གསེར་འོད་ལས། དེ་ཁོ་ན་ཉིད་དང་ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །ཞེས་པས་ཆོས་ཅན་ཆོས་ཉིད་དམ་དབྱིངས་ཡེ་ཤེས་སམ་འདུས་བྱས་འདུས་མ་བྱས་གཉིས་སོ། །ལོངས་སྐུ་ལ་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་ལོངས་སྤྱོད་རྫོགས་པ་ཆེན་པོ་ས་བཅུ་པ་ཐོབ་པ་ཡན་ཆད་ཀྱི་ཡུལ་དང་། ས་དང་པོ་ཐོབ་བའི་བྱང་སེམས་ཡན་ཆད་ཀྱི་ཡུལ་སྤྲུལ་སྐུ་ཁྱད་པར་ཅན་ལ་ལོངས་སྐུར་བཏགས་པ་གཉིས་སོ་ཞེས་གསུང་ངོ་། །དང་པོ་ནི་ངེས་པ་ལྔ་ལྡན་ཏེ། གནས་ངེས་པ་འོག་མིན་ནི་བཀས་བཅད་བར་པར་འོག་མིན་གཙང་མའི་གནས་ཀྱི་ལོགས་ཤིག་ན་ཡོད་པར་བཤད། ལང་ཀར་གཤེགས་པར། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ནས། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་དེ་འདིར་འཚང་རྒྱ། །ཞེས་པ་དང་། རྒྱུད་ལས་ཀྱང་། གཙང་མའི་གནས་ནི་སྤངས་པ་ན། །ཞེས་པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས། འོག་མིན་ཞེས་བྱ་བ་ནི་ལྷ་དག་སྟེ། དེ་དག་གི་ཕྱོགས་གཅིག་ན་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཡོད་དོ། །དེར་འཕགས་པ་ཉིད་འབའ་ཞིག་གནས་སོ། །དེ་དག་གི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བའི་གནས་ཡོད་དེ་དེར་ས་བཅུ་པ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ཁོ་ན་སྐྱེ་བ་བཞེས་པ་ཡིན་ལ་འདིར་ནི་དེ་ལྟ་བུའི་སྤྲུལ་པ་དམིགས་པ་ཡིན་ནོ། །ཞེས་བྱ་བའི་ལུང་ཡིན་ནོ། །ཞེས་པས་འོག་མིན་ཕལ་པའི་སྟེང་ན་ཡོད་པར་བཤད་པས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཉིད་ལོངས་སྐུའི་ཞིང་དུ་ཆོས་ཀྱི་བཤེས་གཉེན་བཞེད་དོ། །གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་མཚམས་སྦྱོར་བ་གཅིག །དེ་དབྱེ་བ་ཕྲག་
༄༅། །བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་གཅིག །དེ་དབྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག །དེ་དབྱེ་བ་ཕྲག་བརྒྱ་ལ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་སྟེ་རྣམ་སྣང་གི་ཞིང་། དེའང་རྣམ་སྣང་གངས་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲན་གཅིག་ལ་གནས་ཤིང་རྣམ་སྣང་དེ་ལོངས་སྐུར་འདོད་དོ། །ངོ་བོ་ངེས་པ་མཚན་དཔེས་བརྒྱན་པ། འཁོར་ངེས་པ་ས་བཅུའི་བྱང་སེམས། ལོངས་སྤྱོད་ངེས་པ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ། དུས་ངེས་པ་རྒྱུན་མི་འཆད་པའོ། །སྤྲུལ་སྐུ་ལ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །ཞེས་པས། དང་པོ་ལས་ཐམས་ཅད་པའམ་དྲི་ཟར་སྤྲུལ་པ་དང་། གཉིས་པ་བྱ་ལ་སོགས་པར་སྟོན་པ་དང་། གསུམ་པ་ཤཱཀྱ་ཐུབ་པ་ལྟ་བུའམ། བཞི་པ་མྱང་འདས་ཏེ་བཞིའམ། ཆོས་ཀྱི་བཤེས་གཉེན་གྱིས་རྣམ་པར་སྨིན་པ་ཡིན་མིན་གཉིས་སོ། །ཞེས་གསུངས་སོ། །དེ་ལྟར་བྱང་སེམས་དུ་མ་སངས་རྒྱས་པ་རྣམས་གཅིག་ཀྱང་མིན་ལ་མང་པོའང་མིན་ཞིང་གཅིག་དང་ཐ་དད་གང་དུའང་མ་གྲུབ་སྟེ། རྒྱན་ལས། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང་། །སྔོན་གྱི་ལུས་རྗེས་འབྲངས་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་དང་། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིན་མང་པོའང་མིན། །ཞེས་སོ། །
