བུ་སྟོན་ཆོས་འབྱུང་།
བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོ།
(བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོ།)
བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོ་ནི་གནས་བྱ་རྒོད་ཕུང་པོའི་རི་ལ༏ དུས་ཁྲོ་ལོ་ན་རེ་ལོ་སུམ་ཅུ་ཟེར་རོ། །མཆིམས་པ་ལོ་ཉི་ཤུ་རྩ་བདུན་ནོ་ཟེར་རོ། །ཆག་ན་རེ་སོ་གཅིག་ཟེར་རོ། །ཁ་ཅིག་ལོ་བཅུ་གཉིས་སོ་ཞེས་ཟེར་རོ། །འཁོར་ནི་སྟོང་ཉིས་བརྒྱ་ལྔ་བཅུའམ་ལྔ་སྟོང་གི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་ཕ་མ་དང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ལའོ། །ཆོས་ནི་མཚན་ཉིད་མེད་པའི་འཁོར་ལོ་སྟེ་ཤེར་ཕྱིན་དང་བཀའ་བར་པར་གཏོགས་པ་རྣམས་སོ། །ཤེར་ཕྱིན་ལ་ཆོས་ཀྱི་བཤེས་གཉེན་ན་རེ་སྙིང་པོའི་དོན་སྟོན་པ་དང་མངོན་པར་རྟོགས་པའི་དོན་སྟོན་པ་གཉིས་སོ། །དང་པོ་དོན་དམ་སྟོང་པ་ཉིད་དམ་རྣམ་ཐར་སྒོ་གསུམ་སྟོན་པ་སྟེ་ཤེར་སྙིང་ལ་སོགས་པའོ། །གཉིས་པ་ནི་རྒྱས་པ་སྟོང་ཕྲག་བརྒྱ་པ་དང་། འབྲིང་གི་རྒྱས་པ་ཉི་ཁྲི་ལྔ་སྟོང་པ་དང་། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་པ། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་བ། བསྡུས་པའི་རྒྱས་པ་བརྒྱད་སྟོང་པ་དང་། བསྡུས་པའི་བསྡུས་པ་ཡོན་ཏན་རིན་པོ་ཆེ་སྡུད་པའོ། །དེ་དག་དོན་མངོན་རྟོགས་བརྒྱད་སྟོན་པར་ཁྱད་མེད་ཚིག་རྒྱས་བསྡུས་ཀྱི་ཁྱད་ཁོ་ནར་ཟད་དོ་ཞེས། དེ་ལ་བསྡུས་སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ་ཁོ་ནར་ཟད། །ཅེས་པའི་འགྲེལ་པར་འབྱུང་ངོ་། །དེ་ལ་དང་པོ་ལྔ་གཅིག་ཅར་གསུངས་པ་ཡིན་ཏེ། ཞུ་བ་པོ་ཐམས་ཅད་མཐུན་པར་བྱུང་ཞིང་ཞིང་དག་སྦྱོར་དུ་གཾ་གཱའི་ལྷ་མོ་ལུང་བསྟན་པར་མཚུངས་པས་སོ། །ཁྱབ་པ་ཡོད་དེ་སངས་རྒྱས་གཅིག་གིས་གང་ཟག་གཅིག་ཡང་ཡང་བྱང་ཆུབ་ཏུ་ལུང་སྟོན་པར་མི་རིགས་སོ། །འོ་ན་ཀླུ་སྒྲུབ་ལུང་བསྟན་དུ་མ་བྱུང་བ་དང་འགལ་ཟེར་ན། ད་ནི་ལུང་བསྟན་ཐ་དད་དེ། ཁ་ཅིག་ཏུ་བསྟན་པ་གསལ་བྱེད་དུ་བསྟན་ལ་ཁ་ཅིག་ཏུ་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །གཾ་གཱའི་ལྷ་
༄༅། །མོ་ནི་བྱང་ཆུབ་ཏུ་ལུང་བསྟན་པར་ཁྱད་པར་མེད་པས་སོ། །འོ་ན་གླེང་གཞིར་འཁོར་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་དང་། ལྔ་སྟོང་ཞེས་གྲངས་མང་ཉུང་འབྱུང་བ་དང་འགལ་ཞེ་ན། དགེ་འདུན་བགྲངས་པ་དང་གང་ཟག་བགྲངས་པའི་ཁྱད་དོ་ཞེས་ཟེར་རོ། །སྟོང་ཕྲག་བརྒྱ་པར་བྱམས་རྟག་ཆོས་འཕགས་མཇུག་སྡུད་བཞི་མེད་པ་ནི་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་གདན་མ་འདྲོངས་པ་ཡིན་ནོ། །འོན་ཀྱང་། གསུང་གཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་རིག །ཅེས་པའམ། གསུང་ནི་གཅིག་གཅིག་གསུང་མཛད་ལ། །དུ་མ་ཉིད་དུ་རིག་འགྱུར་ཏེ། །དེ་ནི་བདག་གི་ཆེད་དུའོ་ཞེས། །ཐམས་ཅད་ཀྱིས་ནི་རྟོགས་ཕྱིར་རོ། །ཞེས་པ་བཞིན་དུ་རང་གི་བློ་དབང་པོ་རྟུལ་འབྲིང་རྣོ་གསུམ་གྱིས་ཚིག་རྒྱས་འབྲིང་བསྡུས་གསུམ་དུ་གོ་བ་བཞིན་དུ་སྡུད་པ་པོས་ཀྱང་བསྡུས་པ་ཡིན་ནོ། །སྡུད་པ་པོས་དེ་ལྟར་སྡུད་མི་ནུས་པའི་སྐྱོན་མེད་དེ་སངས་རྒྱས་ཉིད་ཀྱི་བྱིན་རླབས་སམ་རྣམ་འཕྲུལ་ཡིན་པས་སོ་ཞེས་འབུམ་ཕྲག་གསུམ་པ་གསུང་ཞེས་ཁྲོ་ཕུ་ལོ་ཙཱ་བ་དང་ཆག་ལོ་ཙྪ་བ་རྣམས་གསུང་ངོ་། །སྡུད་པ་ནི་རྗེས་ལ་འཁོར་རྣམ་བཞི་དགའ་བར་བྱ་བའི་ཕྱིར་མ་ག་དྷའི་སྐད་ཀྱིས་གསུངས་སོ་ཞེས་འགྲེལ་པར་འབྱུང་ངོ་། །དགོས་པ་ནི་གདུལ་བྱ་རྣམས་ལྟ་བར་སོང་བ་ཐམས་ཅད་བཟློག་ནས་བགྲོད་པ་གཅིག་པའི་ལམ་སྟོང་པ་ཉིད་དུ་ཚུལ་གཅིག་པ་ལ་འགོད་པའོ། །རྒྱ་ཆེར་རོལ་པར། ཀུན་གཞི་མེད་ཅིང་སྤྲོས་པ་མེད། །སྐྱེ་འགག་མེད་ཅིང་བླང་དོར་མེད། །སྟོང་པ་ཉིད་དུ་ཚུལ་གཅིག་པའི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་རོ། །ཞེས་སོ། །དེ་དག་འཁོར་ལོ་བར་པ་ཡིན་པར་ཡང་། ཤེར་ཕྱིན་ནས། ལྷ་རྣམས་ཀྱིས་ནམ་མཁའ་ལ་ལྷུང་ལྷུང་འདེགས་ཀྱི་སྒྲ་ཕྱུང་སྟེ་ཀྱེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་ཡང་མཐོང་ངོ་ཞེས་པས་སོ། །
