བུ་སྟོན་ཆོས་འབྱུང་།
དོན་དམ་རྣམ་པར་ངེས་པའི་འཁོར་ལོ།
(དོན་དམ་རྣམ་པར་ངེས་པའི་འཁོར་ལོ།)
གསུམ་པ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་ནི་གནས་ནི་རི་མ་ལ་ཡ་དང་ཡངས་པ་ཅན་ལ་སོགས་པར་
རོ༏ ༏འཁོར་ཐེག་པ་སྣ་ཚོགས་ལ་མོས་པ་ཞེས་གསུང་ཡང་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་བྱང་སེམས་སུ་རིགས་སོ། །དུས་ནི་མཆིམས་པ་ལོ་བཅུ་ཟེར་རོ། །ཁྲོ་ལོ་ན་རེ་ལོ་བཅུ་གཉིས་ཟེར་རོ། །ཆག་ན་རེ་ལོ་བདུན་ནམ་དགུ་ཟེར་རོ། །ཁ་ཅིག་ལོ་ཉི་ཤུ་རྩ་དྲུག་གམ་རྩ་བརྒྱད་ཟེར་རོ། །དུས་ཀྱི་ངེས་པ་འདི་རྣམས་ཀྱི་ཁུངས་གསལ་པ་ཁོ་བོས་མ་མཐོང་ངོ་། །ཆོས་ནི་དོན་དམ་རྣམ་པར་ངེས་པའི་ཆོས་སྔར་འཁོར་ལོ་དང་པོས་མེད་པར་ལྟ་བ་བཟློག་པས་ཡོད་རྟོག་ཤས་ཆེ་བར་གྱུར་པ་ལ་འཁོར་ལོ་བར་པས་མེད་པར་ལྟ་བ་ཤས་ཆེར་གྱུར་པ་ལ་འདིས་ཀུན་བཏགས་མེད་གཞན་དབང་ཀུན་རྫོབ་ཏུ་ཡོད་ཡོངས་གྲུབ་གཉིས་དོན་དམ་དུ་ཡོད་པར་བསྟན་པས་མཐའ་གཉིས་སུ་འཛིན་པ་བཟློག་པ་ངེས་དོན་རྩོད་མེད་ཡིན། དང་པོ་གཉིས་དྲང་དོན་རྩོད་པ་ཅན་ཡིན་ནོ་ཞེས་སེམས་ཙམ་པ་འདོད་དོ། །དགོངས་པ་ངེས་འགྲེལ་ལས། དེ་ནས་བཅོམ་ལྡན་འདས་ལ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝ་ར་ཎཱ་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ།

༄༅། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་གསུངས་སོ༏ ༏དགོས་པ་མཐའ་གཉིས་སུ་དོགས་པ་བསལ་ནས་དབུ་མའི་ལམ་ལ་འགོད་པའོ། །དབུ་མ་པ་རྣམས་བཀའ་དང་པོ་དང་ཐ་མ་གཉིས་དགོངས་པ་ཅན་བར་པ་ངེས་དོན་དུ་འདོད་དོ། །སྔར་གྱི་ལུང་ནི་དགོངས་པ་ཅན་དུ་འཆད་དོ། །ཁ་ཅིག་བཀའ་དང་པོ་གཉིས་ཀྱི་འགལ་སྤོང་དུ་འཐད་དེ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །དེས་ན་དངོས་པོ་གཅིག་ཉིད་ལ། །ཡོད་དང་མེད་པ་ཇི་ལྟར་འགལ། །ཞེས་ལང་ཀར་གཤེགས་པར་གསུངས་སོ། །ཟེར་ཏེ་དེ་ནི་དབུ་མའི་བཞེད་གཞུང་ཡིན་གྱི། སེམས་ཙམ་གྱི་མིན་ཏེ། དོན་དམ་དུ་བདེན་པ་གཅིག་ཀྱང་མེད་པ་སེམས་ཙམ་པས་མི་འདོད་དོ། །ཉན་ཐོས་དང་དབུ་མའི་ལྟ་བའི་འགལ་བ་སེམས་ཙམ་གྱིས་སྤང་མི་ནུས་སོ། །ཁ་ཅིག་དང་པོ་བདེན་པ་བཞིའི་འཁོར་ལོ། གཉིས་པ་བདེན་པ་གཉིས་ཀྱི་འཁོར་ལོ། ཐ་མ་བདེན་པ་མ་བཞག་པའི་འཁོར་ལོ་ཟེར་ཏེ་ཐ་མར་བདེན་བཞིའམ་བདེན་གཉིས་རྣམ་པར་བཞག་པ་ཚད་མས་གྲུབ་བོ། །ཁ་ཅིག་ཐ་མ་ཐེག་པ་སྣ་ཚོགས་བསྟན་པས་ཐེག་པ་སྣ་ཚོགས་ཀྱི་འཁོར་ལོ་སྟེ། རྒྱ་ཆེ་རོལ་པར། ཇི་ལྟར་

སྒྱུ་མ་སྨིག་སྒྱུ་དང་། །རྨི་ལམ་ཆུ་ཟླ་བྲག་ཅ་དང་། །འདྲ་བའི་ཆོས་ཚུལ་སྣ་ཚོགས་ཀྱི། །ཆོས་ཀྱི་འཁོར་ལོ་མགོན་པོས་བསྐོར། །ཞེས་པས་སོ་ཟེར་རོ། །པཎྜི་ཏ་གཞན་ཕན་བཟང་པོ་ན་རེ། རིགས་མེད་པ་ལ་མངོན་མཐོའི་འཁོར་ལོ་བསྐོར་གསུང་ངོ་། །སད་ཛ་ན་ན་རེ། རང་སངས་རྒྱས་ཀྱི་རིགས་ཅན་ལ་རང་རྒྱལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་གསུང་པ་ལ། ཆག་ན་རེ། འཁོར་ལོ་གསུམ་དུ་བཤད་པ་དང་འགལ་ཞིང་དེ་ལྟ་བུའི་སྡེ་སྣོད་ལོགས་པ་མི་སྣང་བས་བསལ་ཟེར་རོ། །དེ་ལྟར་བདེ་བར་གཤེགས་པས་ངག་ཀུན་ནས་སློང་བའི་བག་ཆགས་སྤངས་པས་ངག་གིས་སྟོན་པ་མེད་པས་སངས་རྒྱས་ནས་མྱ་ངན་ལས་མ་འདས་བར་དུ་ཡི་གེ་གཅིག་ཀྱང་མ་གསུངས་ཀྱང་སེམས་ཅན་གྱི་བསམ་པའི་དབང་གིས་སྣ་ཚོགས་སུ་སྟོན་ཏེ། འཕྲུལ་འཁོར་ལས་བྱས་སིལ་སྙན་ནི༏ ༏རླུང་གིས་བསྐྱོད་པས་སྒྲ་འབྱིན་ཅིང་། །དེ་ལ་བརྡུང་བ་འགའ་མེད་མོད། །དེ་ལྟ་ན་ཡང་སྒྲ་འབྱུང་ལྟར། །དེ་བཞིན་སྔོན་ལེགས་སྦྱངས་པའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡིས། །བསྐུལ་བས་སངས་རྒྱས་གསུང་འབྱུང་ངོ་། །དེ་ལ་འདིར་རྟོག་ཡོངས་མི་མངའ། །ཞེས་གསང་བ་བསམ་གྱིས་མི་ཁྱབ་པ་ལས་འབྱུང་ངོ་། །དེ་ལྟར་སྟོན་པས་སེམས་ཅན་མ་རིག་པའི་ལིང་ཏོག་གིས་གཡོགས། བདག་ལྟའི་མདུད་པས་བཅིངས། ང་རྒྱལ་གྱི་རི་བོས་ནི་ནོན། འདོད་ཆགས་ཀྱི་མེས་ནི་གདུངས། ཞེ་སྡང་གི་མཚོན་གྱིས་ནི་རྨས། འཁོར་བའི་དགོན་པར་ནི་ཞུགས། སྐྱེ་རྒ་ན་འཆིའི་ཆུ་བོ་ལས་མ་བརྒལ་ཏེ་སྡུག་བསྔལ་བར་གཟིགས་ནས་དེ་ལས་ཐར་པར་བྱ་བའི་ཕྱིར་དཔལ་གྱི་མགུར་དུང་གི་ཚེམས་བར་ནས་འཕྲུལ་གྱི་ལྗགས་བརྐྱངས་ཏེ་ཚངས་པའི་གསུང་ཕྱུང་སྟེ་ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་རོ། །
