བུ་སྟོན་ཆོས་འབྱུང་།
མྱ་ངན་ལས་འདས་པའི་མཛད་པ།
(མྱ་ངན་ལས་འདས་པའི་མཛད་པ།)
དེ་ནས་མྱ་ངན་ལས་འདས་པའི་མཛད་པ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་མྱ་ངན་ལས་མི་འདའ་བར་གསོལ་བར་བསྐུལ་བའི་ཕྱིར་དུ། ཀུན་དགའ་བོ་གང་སུ་ཡང་རུང་རྫུ་འཕྲུལ་
༄༅། །གྱི་རྐང་པ་བཞི་ལ་བརྟེན་བསྒོམས་མང་དུ་བྱས་པ་དེ་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་གི་བར་དུ་ཡང་འདུག་གོ །དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་བསྒོམས་མང་དུ་བྱས་པས་ན། དེ་བཞིན་གཤེགས་པ་བཞེད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པའི་བར་དུ་ཡང་བཞུགས་སོ། །ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་བསྐུལ་ཡང་ཀུན་དགའ་བོ་བདུད་ཀྱིས་ཁེབས་པས་ཅང་མི་ཟེར་རོ། །དེ་ནས་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པས་ཟླ་བ་གསུམ་ནས་འདའ་བར་ཞལ་གྱིས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ཚེའི་འདུ་བྱེད་ནི་སྤངས་སོ། །དེའི་ཚེ་ས་གཡོས་སྐར་མདའ་ལྟུང་ཕྱོགས་ཚིག་བར་སྣང་གི་ལྷ་རྣམས་རྔ་བརྡུང་བར་གྱུར་ཏོ། །དེའི་རྒྱུ་ཞུས་པས་ས་གཡོ་བའི་རྒྱུ་བརྒྱད་གསུངས་པས་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་སྤངས་པར་རིག་ནས་གསོལ་བ་བཏབ་ཀྱང་མ་གནང་ངོ་། །དེ་ནས་ཙ་བ་ལའི་དགེ་འདུན་རྣམས་ལ་གདམས་པ་གསུངས་ནས་ཡངས་པ་ཅན་ནས་བྱོན་ཏེ་གཡས་ཕྱོགས་ཀྱིས་གཟིགས་ཏེ་བྲི་ཛིའི་གྲོང་གི་བྱང་གི་ཤིང་ཤ་བའི་ཚལ་དུ་བྱོན་ནོ། །དེར་དགེ་སློང་རྣམས་ལ་བསླབ་པ་གསུམ་གསུངས་ནས་རིམ་གྱིས་ལོངས་སྤྱོད་ཀྱི་གྲོང་གི་བྱང་ཤིང་ཤ་བའི་ཚལ་དུ་བྱོན་ཞིང་ས་གཡོས་པ་མྱུར་དུ་མྱ་ངན་ལས་འདའ་བའི་རྒྱུར་བསྟན་ནས་མདོ་སྡེ་ལ་འཇུག །འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་ཆོས་སུ་གཟུང་ལ་དེ་ལྟ་མིན་ན་མི་གཟུང་ངོ་ཞེས་བཀའ་སྩལ་ཏོ། །དེ་ནས་ས་པའི་གྲོང་དུ་མགར་བའི་བུ་ཙུན་ད་ལས་བསོད་སྙོམས་ཀྱི་ཐ་མ་བཞེས་ཏེ་ཆོས་བསྟན་ནས་གྲོང་ཁྱེར་རྩྭ་ཅན་དུ་སོང་སྟེ། སྡིག་པ་ཅན་དང་ཆུ་བོ་དབྱིག་ལྡན་གྱི་བར་དུ་གཟིམས་ཤིང་ཀུན་དགའ་བོས་ཆུ་བོ་ཀ་ཀུ་ཏ་ལས་ཆུ་རྙོག་མ་ཅན་བླངས་ཏེ་དྲངས་

བས་ཞལ་བཤལ་ཞབས་བཀྲུས་པས་བདེ་བར་གྱུར་ནས་བཞེངས་ཏེ། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གཡུང་པོ་དད་པར་མཛད་ནས་གཡུང་པོ་ལས་རས་བཅོས་བུ་གསེར་ལྟར་སེར་བ་ཟུང་གཅིག་བཞེས་ཏེ་ཁ་ཚར་བཅད་ནས་གསོལ་བས་སྐུའི་ཁ་དོག་ཤིན་ཏུ་གསལ་བར་སྣང་ནས་དེའི་རྒྱུ་ཞུས་པས་དོ་ནུབ་མྱ་ངན་ལས་འདའ་བའི་རྒྱུར་གསུངས་ནས་ཆུ་བོ་དབྱིག་ལྡན་དུ་ཁྲུས་མཛད་དེ་ཙུན་དའི་འགྱོད་པ་སེལ་བའི་ཐབས་གང་གིས་བསོད་སྙོམས་གསོལ་ནས་སངས་རྒྱས་པ་དང་མྱ་ངན་འདས་པར་གྱུར་པ་གཉིས་བསོད་ནམས་མཉམ་པར་གསུངས་སོ། །ཀུན་དགའ་བོས་འདུན་པ་ཇི་ལྟར་གདུལ་ཞུས་པས་ཚངས་པའི་ཆད་པས་བསྡིགས། དེ་ནས་སྐྱོ་བར་བྱ། དེ་ནས་ཀཱ་ཏྱཱ་ཡ་ན་ལ་ལུང་ནོད་དུ་གཞུག་གོ །ཞེས་གསུངས་ནས་རྩྭ་ཅན་དུ་གཤེགས་པའི་ལམ་དུ་བསྙུང་སྟེ་གཟིམས་སོ། །དེ་ནས་ཀུན་དགའ་བོས་བྱང་ཆུབ་ཀྱི་ཡན་ལག་སྨྲས་པས་བཞེངས་ཏེ་གྲོང་ཁྱེར་རྩྭ་ཅན་གྱད་གྱི་ཡུལ་དང་ཉེ་བར་ཤིང་སཱ་ལ་ཟུང་གི་བར་དུ་ཁྲི་བཅས་འཕང་བྱང་དུ་བསྟན་པ་ལ་གློ་གཡས་པ་ཕབ། ཞབས་ཀྱི་སྟེང་དུ་ཞབས་བཞག་ནས། སྣང་བའི་འདུ་ཤེས་དང་དྲན་ཤེས་བཞིན་དང་མྱ་ངན་ལས་འདའ་བའི་འདུ་ཤེས་མཛད་ནས་གཟིམས་སོ། །ཀུན་དགའ་བོ་ནི། ཁྲི་ལ་འཇུས་ཏེ་ངུ་ཞིང་སྨྲེ་སྔགས་འདོན་པ་ལ་ངོ་མཚར་བའི་ཆོས་བཞིས་མྱ་ངན་བསལ་ལོ། །ཀུན་དགའ་བོས་ཡུལ་འདིར་འདའ་བའི་རྒྱུ་ཞུས་པས་སྔར་རྒྱལ་བོ་ལེགས་མཐོང་ཆེན་པོ་ལ་སོགས་པ་འཁོར་ལོས་བསྒྱུར་བ་དྲུག་འདིར་འདས། སངས་རྒྱས་དང་བདུན་འདའོ། །ཞེས་གསུངས་སོ། །དེའི་ཚེ་དགེ་སློང་དབ་ཅན་གྱི་གཟི་བརྗིད་ལྷ་རྣམས་ཀྱིས་མི་བཟོད་པས་བསྐྲད་དོ། །ཀུན་དགའ་བོས་སྐུ་གདུང་ལ་མཆོད་པ་ཇི་ལྟར་བགྱི་ཞུས་པས། འཁོར་ལོས་བསྒྱུར་རྒྱལ་ལ་བྱེད་པ་བཞིན་དུ་ལུས་ཤིང་བལ་གྱི་ལྭ་བས་དཀྲིས། རས་ཟུང་ལྔ་བརྒྱས་གཡོགས། ལྕགས་ཀྱི་སྒྲོམ་བུར་བཅུག་ནས་འབྲུ་མར་གྱིས་བཀང་སྟེང་ནས་ལྕགས་ཁེབས་གཉིས་ཀྱིས་བཀབ་ནས་

༄༅། །དྲི་ཞིམ་པོའི་ཤིང་སྤུངས་ཏེ་བསྲེགས་ནས་མེ་འོ་མས་བསད་དེ་རུས་པ་གསེར་གྱི་བུམ་པར་བཅུག་ནས་བཞི་མདོར་མཆོད་རྟེན་བརྩིགས་ནས་མཆོད་ཅིང་དུས་སྟོན་བྱེད་པ་བཞིན་དུ་བྱའོ་ཞེས་གསུངས་སོ། །དེ་ནས་རྩྭ་ཅན་གྱི་གྱད་རྣམས་ལ་དེ་བཞིན་གཤེགས་པ་དོ་ནུབ་འདའོ་ཞེས་སྦྲན་པས་གྱད་རྣམས་འདུས་ཏེ་སྤྱན་སྔར་ཕྱིན་པས་ཆོས་བསྟན་དེ་དག་ལ་ཀུན་དགའ་བོས་དགེ་བསྙེན་གྱི་སྡོམ་པ་ཕོག་ནས་སོང་ངོ་། །དེ་ནས་སྟོན་པས་སྐུ་དངོས་ཀྱི་གདུལ་བྱ་རབ་བཟང་དང་རབ་དགའ་གཉིས་ལུས་པ་ལ་རབ་དགའ་འདུལ་བའི་ཕྱིར་པི་ཝང་རྒྱུད་སྟོང་པ་ཁོག་པ་བཻཌཱུརྱ་ལས་བྱས་པ་བསྣམས་ཏེ་དྲི་ཟར་སྤྲུལ་ཏེ་རབ་དགའི་སྒོ་དྲུང་དུ་ཕྱིན་པ་དང་དེ་དང་གླུ་དབྱངས་འགྲན་ཅིང་རྒྱུད་རིམ་གྱིས་གཅིག་མ་གཏོགས་པ་བཅད་ཀྱང་སྒྲ་གདངས་ཁྱད་མེད་དོ། །དེ་ནས་སྟོན་པས་རྒྱུད་གཅིག་ཀྱང་བཅད་དེ་ནམ་མཁའ་ཁོ་ན་ལ་སྒྲ་གདངས་སྔར་བཞིན་དུ་གྱུར་པ་དང་། རབ་དགའ་ང་རྒྱལ་ཆག་སྟེ་ངོ་མཚར་སྐྱེས་པ་དང་། སྟོན་པས་སྐུ་མངོན་སུམ་དུ་བསྟན་ཏེ་དེ་ལ་རབ་དགའ་དད་ནས་ཕྱག་བྱས་ཏེ་ཆོས་ཉན་པའི་ཕྱིར་འདུག་བ་ལ་ཆོས་བསྟན་ཏེ་བདེན་པ་མཐོང་ངོ་། །དེའི་ཚེ་རྩྭ་ཅན་ན་ཀུན་ཏུ་རྒྱུ་རབ་བཟང་ལོ་བརྒྱ་ཉི་ཤུ་ལོན་པ་དགྲ་བཅོམ་པར་གྲགས་པ་ཞིག་ཡོད་པས་རྫིང་བུ་དལ་འབབ་ཀྱི་འགྲམ་ཨུ་དུམ་བཱ་རའི་ཚལ་གྱི་མེ་ཏོག་རྙིང་པ་དང་། སྟོན་པ་མྱ་ངན་ལས་འདའོ་ཞེས་ཐོས་པའི་རྒྱུས་བདག་གི་ཐེ་ཚོམ་སེལ་བར་འགྱུར་སྲིད་སྙམ་སྟེ་སོང་ནས་ཀུན་དགའ་བོ་ལ་ལན་གསུམ་ཞུས་པས་མ་གནང་བ་སྟོན་པས་མཁྱེན་ནས་ང་དང་མུ་སྟེགས་ཅན་གཏམ་གླེང་བའི་ཐ་མ་འདི་ཡིན་གྱིས་ཐོངས་གསུངས་ནས་རབ་བཟངས་ལ་དགའ་བར་བྱ་བའི་གཏམ་མང་པོ་མཛད་ནས། རབ་བཟང་ང་ནི་ན་ཚོད་ཉི་ཤུ་དགུ་ལོན་ཏེ་རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་གཅིག་ལྷག་ཅིག་ཏུ་དགེ་བ་གང་ཡིན་ཅི་ཞིག་བྱས་གྱུར་ཀྱང་། རབ་བཟང་ཆོས་འདུལ་བ་གང་ལ་འཕགས་ལམ་ཡན་ལག་བརྒྱད་མེད་

པ་དེ་ལ་དགེ་སྦྱོང་གི་འབྲས་བུ་བཞི་མེད་ལ་ཡན་ལག་བརྒྱད་ཡོད་ན་ཡོད་དོ་འདི་ལས་ཕྱི་རོལ་ན་དགེ་སྦྱོང་མེད་ཅེས་སོགས་གསུངས་པས་བདེན་པ་མཐོང་ངོ་། །ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་ཐོབ་སྟེ་སྟོན་པ་མྱ་ངན་ལས་འདའ་བ་བལྟ་བར་མི་བྱའོ་སྙམ་ནས་གནས་ལྔ་བྱིན་གྱིས་བརླབས་ནས་མྱ་ངན་ལས་འདས་སོ། །དེ་ནས་སྟོན་པས་མུ་སྟེགས་ཅན་ཤཱཀྱ་དང་མེ་པ་རལ་བ་ཅན་མ་གཏོགས་པ་རབ་ཏུ་མི་དབྱུང་། འཁོར་རྣམ་བཞིས་ཕན་བདེར་འགྱུར་བའི་གསུང་རབ་བཅུ་གཉིས་བཀླག །སྟོན་པ་སོ་ཐར་ལ་གྱིས། རྒན་པས་གཞོན་པ་རྣམས་ཡོ་བྱད་ཀྱིས་བསྡུ། གཞོན་པས་རྒན་པའི་མིང་འབོད་མི་བྱ། དད་པ་ཅན་ལ་སྟོན་པ་འཁྲུངས་པ་སངས་རྒྱས་པ་ཆོས་གསུངས་པ་མྱ་ངན་ལས་འདས་པའི་ཕྱོགས་བཞི་བསྟན་པར་བྱའོ། །དགེ་སློང་དག་དཀོན་མཆོག་གསུམ་དང་བདེན་པ་བཞི་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག །དེ་ནས་སྐུའི་སྟོད་གཡོགས་བསལ་ཏེ་དགེ་སློང་དག་དེ་བཞིན་གཤེགས་པ་ལྟ་བ་ནི་རྙེད་བར་དཀའི་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག །དགེ་སློང་དག་རེ་ཞིག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ་དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ་ཞེས་གསུངས་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་འགོག་སྙོམས་ལ་ལུགས་འབྱུང་ལུགས་ལྡོག་ལ་སྙོམས་པར་ཞུགས་ནས་སླར་བསམ་གཏན་བཞི་ལ་ཞུགས་ཏེ་རབ་མཐའ་ལས་མྱ་ངན་ལས་འདས་སོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ཕྲན་ཚེགས་འགྲེལ་པ་ལས་ཁ་ཆེ་བ་དང་བསྟུན་ནས་རབ་མཐའི་རྗེས་ལ་ལུང་མ་བསྟན་གྱི་སེམས་ལས་མྱ་ངན་ལས་འདས་པ་ཡིན་ཡང་རབ་མཐའ་དང་ཉེ་བས་རབ་མཐའ་ཞེས་བརྗོད་པར་བཤད་དོ། །དེ་མ་ཐག་ས་གཡོས་སྐར་མདའ་ལྟུང་ཕྱོགས་ཚིག་ལྷའི་རོལ་མོའི་སྒྲ་གྲག་གོ །དེའི་ཚེ་འོད་སྲུང་ཆེན་པོ་རྒྱལ་པོའི་ཁབ་ན་གནས་པས་སྟོན་པ་འདས་བར་ཤེས་ཏེ། འདུས་

༄༅། །བྱས་ཀྱི་ཆོས་ཉིད་འདི་འདྲའོ་སྙམ་སྟེ་དེ་མ་སྐྱེས་དགྲས་ཐོས་ན་འཆི་བར་འགྱུར་བས་དེའི་ཐབས་ཤིག་བྱའོ་སྙམ་སྟེ། བྲམ་ཟེ་དབྱར་བྱེད་ལ་ཁྱོད་མྱུར་དུ་སྐྱེད་མོས་ཚལ་དུ་སོང་ལ་སྟོན་པ་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ་དང་། འཁོར་ལོ་བསྐོར་བ་དང་། མཉན་ཡོད་དུ་ཆོ་འཕྲུལ་བསྟན་པ་དང་། གྲོང་ཁྱེར་སྒྲ་ཅན་དུ་ལྷ་ལས་བབས་པ་དང་། རྩྭ་ཅན་དུ་ཐ་མའི་གཟིམས་མལ་དུ་གཤེགས་པ་རྣམས་བྲིས། གཞོང་རིངས་མར་གསར་གྱིས་གང་བ་བདུན། བརྒྱད་པ་ཙན་དན་གོ་ཤིཪྵས་བཀང་བ་རྣམས་ཞོག་ལ་རིམ་གྱིས་སྟོན་ལ། དེ་ནས་བརྒྱལ་བ་དང་གཞོང་རིང་བདུན་དང་བརྒྱད་པར་བཅུག་པས་སོས་སོ། །ཞེས་བསླབ་པ་བཞིན་དབྱར་བྱེད་ཀྱིས་བྱས་ཏེ། རིམ་པ་བཞིན་བསྟན་ཏེ། འདི་ནི་རྩྭ་ཅན་དུ་སྟོན་པ་ཐ་མའི་གཟིམས་མལ་དུ་གཤེགས་པའོ། །རྒྱལ་པོས་སྨྲས་པ། ཅི་སྟོན་པ་འདས་སམ། ཅང་མི་ཟེར་རོ། །དེ་ནས་རྒྱལ་པོ་འགྱེལ་ཞིང་བརྒྱལ་བ་ལ་སྔར་བསླབ་པ་བཞིན་བྱས་པས་སོས་སོ། །དེའི་ཚེ་དགེ་སློང་ཞིག་གིས། སཱ་ལ་ཟུང་ནི་རབ་མཛེས་པའི༏ ༏ལྗོན་ཤིང་མཆོག་གི་ཚལ་དུ་འདིར། །སྟོན་པ་མྱ་ངན་འདས་པ་ལ། །མེ་ཏོག་དག་གིས་རབ་ཏུ་གཏོར། །བརྒྱ་བྱིན་གྱིས། ཀྱེ་མ་འདུ་བྱས་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཚངས་པས། འབྱུང་པོ་ཀུན་གྱིས་འཇིག་རྟེན་འདིར་ནི་བསགས་པའི་མཐའ། །འདོད་འགྱུར་འཇིག་རྟེན་འདི་ན་གང་ཟག་ཟླ་མེད་གཅིག །དེ་བཞིན་གཤེགས་པ་སྟོབས་རྣམས་བརྙེས་པ་སྤྱན་ལྡན་པ། །སྟོན་པ་འདི་ལྟ་བུ་ཡང་ཡོངས་སུ་མྱ་ངན་འདས། །མ་འགག་པས། བརྟན་པའི་ཐུགས་ཀྱིས་སྐྱོབ་མཛད་ཅིང་། །མི་གཡོ་ཞི་བ་བརྙེས་གྱུར་པ། །དབུགས་དབྱུང་བ་དང་རྔུབ་འགགས་ནས། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །དེའི་ཚེ་དགེ་སློང་ཁ་ཅིག་ས་ལ་འགྲེ་

ལྡོག །ཁ་ཅིག་ཀུ་ཅོ་འདོན། ཁ་ཅིག་སྡུག་བསྔལ་གཟིར་ཅིང་འདུག །ཁ་ཅིག་ཆོས་ཉིད་ལ་བརྟེན་ནས་རྟོག་ཅིང་གནས་སོ། །སང་ནང་པར་ཀུན་དགའ་བོས་རྩྭ་ཅན་གྱི་གྱད་རྣམས་ལ་སྦྲན་ཏེ་གྱད་རྣམས་ཀྱིས་ཉི་མ་བདུན་གྱི་བར་ལ་སྟ་གོན་བྱས་ནས། བདུན་པ་ལ་གྱད་ཀྱི་ཆུང་མ་དང་བུ་མོ་རྣམས་ཀྱིས་བླ་རེ་བྲེས། གྱད་གཞོན་ནུ་དག་གིས་ཁྱོགས་བཟུང་། ལྷ་རྣམས་ཀྱིས་དྲི་དང་ཕྲེང་བ་དང་བདུག་པ་ལ་སོགས་པས་བཀུར་སྟིར་བྱས་ཏེ་རྩྭ་ཅན་གྱི་ནུབ་སྒོ་ནས་དབུས་ལ་ཞུགས། ཤར་སྒོ་ནས་ཐོན་དབྱིག་ལྡན་བརྒལ་གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སུ་གསོལ་ཏེ། ལྷ་རྣམས་ཀྱིས་མེ་ཏོག་པུས་ནུབ་ཙམ་གཏོར་རོ། །དེའི་ཚེ་འཚོ་བ་པ་ཞིག་གིས་མེ་ཏོག་མང་པོ་བླངས་ཏེ་སྡིག་པ་ཅན་གྱི་གྲོང་དུ་སོང་བ་དང་། འོད་སྲུང་ཆེན་པོ་གདུང་མ་ཉམས་པ་ལ་ཕྱག་འཚལ་འདོད་ནས་འོངས་པ་དང་ཕྲད་དེ་སྟོན་པ་འདས་པའི་གཏམ་བསྙད་པས་རྒན་ཞུགས་ཤིག་འདི་སྐད་དུ། ཀྱེ་དགེ་སློང་དག་འདི་ནི་བྱ་བའོ་འདི་ནི་བྱ་བ་མ་ཡིན་པའོ་ཞེས་སྨྲ་བ་ལས་ཐར་རོ། །ད་ནི་ནུས་པ་བྱ་མི་ནུས་པ་མི་བྱའོ་ཞེས་སྨྲས་པ་དེ་ལྷས་བསྒྲིབས་ཏེ་འོད་སྲུང་མ་གཏོགས་པས་མི་ཐོས་པ་བྱས་སོ། །འོད་སྲུང་གིས་དགེ་འདུན་རྣམས་མྱུར་དུ་སྐུ་གདུང་མ་ཉམས་པ་ལ་བལྟ་བའི་ཕྱིར་རིངས་པར་འགྲོའོ་ཞེས་བསྐུལ་ལོ། །དེའི་ཚེ་གྱད་རྣམས་ཀྱིས་གདུང་འཁོར་ལོས་བསྒྱུར་རྒྱལ་ལ་བྱ་བ་ལྟར་བྱས་ཏེ་ཞུགས་ལ་ཞེན་པར་འདོད་ཀྱང་མེ་མ་འབར་བ་མ་འགག་པས་འོད་སྲུང་མ་སླེབ་པས་ཡིན་པར་ཤེས་ཏེ་སྨྲས་པ་དང་འོད་སྲུང་སླེབ་སྟེ། སྒྲོམ་ཕྱེ་རས་དང་ཤིང་བལ་བསལ་ཏེ་སྐུ་མ་ཉམས་པ་ལ་ཕྱག་བྱས་སོ། །དེའི་ཚེ་ཉན་ཐོས་ཆེན་པོ་ཀུན་ཤེས། སྐུལ་བྱེད། སྟོབས་བཅུ་འོད་སྲུང་། འོད་སྲུང་ཆེན་པོ་སྟེ་བཞི་ལས་ཡེ་ཤེས་ལྡན་ཞིང་བསོད་ནམས་ཆེ་བ་འོད་སྲུང་ཆེན་པོས་ཤིང་བལ་གྱི་འདབ་མ་གཞན་དང་རས་ཟུང་ལྔ་བརྒྱ་གཞན་གྱིས་ཀྱང་དཀྲིས། ལྕགས་ཀྱི་སྒྲོམ་དུ་བཅུག་འབྲུ་མར་གྱིས་བཀང་

༄༅། །ལྕགས་ཁེབས་གཉིས་ཀྱིས་བཀབ་སྟེ་དྲི་ཞིམ་པའི་ཤིང་ཐམས་ཅད་སྤུངས་པས་མེ་རང་འབར་དུ་གྱུར་ཏེ། ཀུན་དགའ་བོས་སྨྲས་པ། རྣམ་པར་འདྲེན་པ་རིན་ཆེན་སྐུ་མངའ་བ། །རྫུ་འཕྲུལ་ཆེན་པོ་ཚངས་པའི་འཇིག་རྟེན་གཤེགས། །སངས་རྒྱས་སྐུ་ལ་རས་ཟུང་ལྔ་བརྒྱ་དང་། །ཆོས་གོས་སྟོང་སྙེད་ཀུན་ཏུ་དཀྲིས་གྱུར་པ། །ཉིད་ཀྱི་གཟི་བརྗིད་ཀྱིས་ནི་སྐུ་གདུང་དང་། །ཤིན་ཏུ་དཀྲིས་པ་རབ་ཏུ་ཚིག་པར་གྱུར། །དེ་ལ་ཆོས་གོས་གཉིས་ནི་མ་ཚིག་པ། །ནང་རིམ་དང་ནི་ཕྱི་རིམ་འདི་རྣམ་གཉིས། །ཞེས་སོ། །དེ་ནས་གྱད་རྣམས་ཀྱིས་མེ་འོ་མས་བསད་དེ་འོ་མ་ལས་གསེར་ཅན། སེར་སྐྱ། རྟ་དོན། ཨུ་དུམ་ཝཱ་ར་སྟེ་བཞི་སྐྱེས་སོ། །སྐུ་གདུང་རྣམས་གསེར་གྱི་བུམ་པར་བཅུག་སྟེ་གྲོང་ཁྱེར་གྱི་དབུས་སུ་བཞུགས་ནས་མཆོད་པ་བྱས་སོ། །དེ་ནས་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་ཀྱིས་སྟོན་པ་འདས་ནས་ཞག་བདུན་ལོན་པར་ཐོས་ཏེ། དཔུང་ཡན་ལག་བཞི་གོ་བསྐོན་ནས་རྩྭ་ཅན་གྱི་གྱད་རྣམས་ལ་སྨྲས་པ། སྟོན་པ་ནི་ངེད་ལ་ཡུན་རིང་པོ་ནས་ཕངས་ཤིང་སྡུག་པ་ཡིན་ཏེ། ཁྱེད་ཀྱི་གྲོང་གི་ཉེ་འཁོར་དུ་འདས་པས་གདུང་ཤ་རི་རམ་གྱི་སྐལ་བ་ངེད་ལ་བྱིན་ཅིག་སྡིག་པ་ཅན་དུ་མཆོད་རྟེན་བརྩིགས་ནས་མཆོད་པ་དང་དུས་སྟོན་བྱའོ། །མི་སྟེར་ན་དམག་གིས་དབྲོག་གོ །དེ་དག་གིས་སྨྲས་པ། དེ་བཞིན་བྱའོ། །དེ་བཞིན་དུ་ཡུལ་རྟོགས་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་དང་། སྒྲ་སྒྲོག་གི་གྲོ་དྷ་བ་དང་ཁྱབ་འཇུག་གླིང་གི་བྲམ་ཟེ་དང་། སེར་སྐྱའི་ཤཱཀྱ་དང་ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ལའང་སྦྱར་རོ། །མ་ག་དྷའི་མ་སྐྱེས་དགྲས་ཀྱང་དེ་རྣམས་སྐུ་གདུང་གི་སྐལ་བ་ལེན་དུ་སོང་ཞེས་ཐོས་ནས་ཆས་ཏེ་གླང་པོ་ཆེ་ལ་ཞོན་པ་དང་སྟོན་པའི་ཡོན་ཏན་དྲན་ཏེ་བརྒྱལ་ལོ། །དེ་ནས་དབྱར་བྱེད་བཏང་སྟེ་ངའི་བཀས་གྱད་རྣམས་ལ་གནོད་པ་ཆུང་ངམ་ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་ལ་རེག་པར་

གནས་སམ་ཞེས་དྲིས་ལ། སྟོན་པ་ནི་ངེད་ལ་ཡུན་རིང་པོ་ནས་ཕངས་ཤིང་བླ་མར་གྱུར་པ་ཡིན་ཏེ་དེ་ཁྱོད་ཀྱི་གྲོང་གི་ཉེ་འཁོར་དུ་འདས་པས་གདུང་གི་སྐལ་བ་ངེད་ལ་བྱིན་ཅིག་རྒྱལ་པོའི་ཁབ་ཏུ་མཆོད་རྟེན་བརྩིགས་ནས་མཆོད་པ་དང་དུས་སྟོན་བྱའོ་ཞེས་སྨྲས་ཤིག །དེ་ནས་དབྱར་བྱེད་ཀྱིས་དེ་བཞིན་བྱས་པ་དང་། གྱད་རྣམས་ན་རེ་ངེད་ཀྱང་དེ་བཞིན་བྱེད་ཟེར་རོ། །འོ་ན་དམག་གིས་དབྲེག་གོ །ཞེས་བྱས་པས་དེ་བཞིན་བྱའོ་ཟེར་ཏེ་གྱད་ཀྱི་ཆུང་མ་དང་གཞོན་ནུ་རྣམས་ཀྱིས་ཀྱང་འཕོང་བསླབ་སྟེ་གཞན་གྱི་དཔུང་ཡན་ལག་བཞི་དང་འཐབ་པའི་ཕྱིར་གྱད་རྣམས་ཡན་ལག་བཞི་གོ་གོན་ཏེ་ཕྱིར་བྱུང་ངོ་། །དེའི་ཚེ་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པས་དེ་དག་འཐབ་ན། གཅིག་འཆི་བར་རིག་ནས་རྩྭ་ཅན་གྱི་གྱད་རྣམས་ལ་སྨྲས་པ། སྟོན་པ་ནི་ཡུན་རིང་པོ་ནས་བཟོད་པ་དང་ལྡན་པས་བཟོད་པའི་བསྔགས་པ་བརྗོད་པ་ཡིན་པ་ལ་སྐུ་གདུང་གི་ཕྱིར་གཅིག་གིས་གཅིག་གསོད་པར་མི་རིགས་ཀྱི་བདག་གིས་སྐུ་གདུང་ཆ་བརྒྱད་དུ་བགོས་ལ་སྦྱིན་བུམ་པ་ལ་ཁོ་བོས་མཆོད་པ་བྱའོ། །གྱད་ན་རེ་དེ་བཞིན་བྱའོ་ཟེར་རོ། །དེ་ནས་སྡིག་པ་ཅན་གྱི་གྱད་ནས་དབྱར་བྱེད་ཀྱི་བར་ལ་དེ་བཞིན་སྨྲས་པས་དེ་བཞིན་བྱའོ་ཞེས་ཟེར་ནས་སྐུ་གདུང་ཆ་བརྒྱད་དུ་བགོས་ཏེ་རྩྭ་ཅན་གྱི་གྱད་ནས་དབྱར་བྱེད་ཀྱི་བར་ལ་བྱིན་པས་དེ་དག་རང་རང་གི་ཡུལ་དུ་མཆོད་རྟེན་བརྩིགས་ནས་མཆོད་པ་དང་དུས་སྟོན་ཆེན་པོ་བྱས་སོ། །སྒྲ་སྒྲོག་པའི་སྐལ་བ་ཀླུས་ཕྲོགས་ཏེ་ཀླུས་མཆོད་དོ། །གདུང་བཅུག་པའི་བུམ་པ་བྲེ་བོ་དང་མཉམ་པ་ལ་བྱིན་པས་བྲེ་བོ་དང་མཉམ་པའི་གྲོང་ཁྱེར་དུ་མཆོད་རྟེན་བརྩིགས་སོ། །ནྱ་གྲོ་དྷ་སྐྱེས་ལ་སྐུ་གདུང་གི་སོལ་བ་བྱིན་པས་བྲམ་ཟེའི་ཁྱེའུ་དེས་ནྱ་གྲོ་དྷའི་ཡུལ་དུ་མཆོད་རྟེན་བརྩིགས་ཏེ། མཆོད་པ་དང་དུས་སྟོན་ཆེན་པོ་བྱས་ཏེ་དེའི་ཚེ་མཆོད་རྟེན་བཅུར་གྱུར་ཚེམས་མཆེ་བ་བཞི་དང་བཅུ་བཞིའོ། །སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུའི་གླིང་པའི་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་

༄༅། །གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་ནར་བུར་གནས་པས། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང་། །མི་དང་ཀླུ་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །རབ་མཁྱེན་ཐུགས་རྗེར་ལྡན་པ་སྟོབས་མངའ་བ། །ཤཱཀ་འཁྲུངས་མ་ག་དྷར་ནི་བྱང་ཆུབ་སྟེ། །ཀ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ནས། །གྲོང་ཁྱེར་རྩྭ་ཅན་བརྟེན་ནས་མྱ་ངན་འདས། །ཞེས་གསུངས་སོ། །དེ་ལ་མྱ་ངན་ལས་འདས་པའི་དོན་ནི་ཉན་ཐོས་ལྟར་ན་བུད་ཤིང་ཟད་པའི་མེ་བཞིན་དུ་བེམ་རིག་ཐམས་ཅད་གཏན་རྒྱུན་ཆད་ནས་མྱ་ངན་ལས་འདས་པར་འདོད་དོ། །ཐེག་ཆེན་པ་ཁ་ཅིག །ལོངས་སྤྱོད་རྫོགས་པའི་སྐུ་ནི་མྱ་ངན་ལས་འདའ་ཡང་འཁོར་སུས་ཀྱང་འདས་པར་མི་ཤེས་ཏེ་དཔེར་ན་བརྒྱ་བྱིན་ནི་གཅིག་ཤི་ནས་གཅིག་སྐྱེས་ཀྱང་འཁོར་གྱི་ལྷས་མི་ཤེས་པ་བཞིན་ནོ་ཟེར་ཏེ། དེ་ནི་མི་འཐད་དེ་ལོངས་སྐུ་རྒྱུན་མི་འཆད་པའི་རྟག་པར་གསུངས་པའི་ཕྱིར་རོ། །ཚེ་རིང་བའི་རྒྱུ་གཉིས་ཏེ་སྲོག་གཅོད་པ་སྤངས་པ་དང་། གཞན་ལ་ཟས་སྦྱིན་པའོ་ཞེས་གསུངས་ཤིང་། དེ་གཉིས་མཐར་ཕྱིན་པའི་ཚོགས་གཉིས་བསགས་པའི་ཕྱིར་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་བསྒོམས་མང་དུ་བྱས་ན་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་གནས་སོ་ཞེས་གསུངས་པའི་ཕྱིར་རོ། །སྒོ་མཐའ་ཡས་པ་སྒྲུབ་པའི་

གཟུངས་ཀྱི་འགྲེལ་པར། སྤྲུལ་པའི་སྐུ་ནི་མྱ་ངན་ལས། །འདའ་བར་བརྗོད་ཀྱི་ཅིག་ཤོས་མིན། །གཏན་དུ་གནས་པའི་རྒྱུ་ལྡན་པ། །མྱ་ངན་འདའ་བར་ཡང་མི་རིགས། །ཞེས་སོ། །དེས་ན་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་གྱི་ལོངས་སྐུ་ནི་མ་ཡིན་ནོ། །སྤྲུལ་སྐུ་ཡང་མྱ་ངན་ལས་འདའ་བའི་ཚུལ་སྟོན་གྱི་གཏན་རྒྱུན་ཆད་པ་མ་ཡིན་ཏེ། དམ་པའི་ཆོས་པད་དཀར་དུ། སྨན་པ་མཁས་པའི་བུ་སྨན་མི་འཐུང་བ་ལ་སྨན་སྦྱར་ནས་ཡོད་པས་འཐུངས་ཤིག་ང་ནི་འཆིའོ་ཞེས་འཆི་བར་བཅོས། བུ་དེས་ཀྱང་ཕ་སྨན་པ་ནི་ཤི་གཞན་སྨན་ཤེས་པ་ནི་མེད་པས་འཚོ་བའི་ཕྱིར་སྨན་འཐུང་ངོ་། །དེ་ནས་ནད་སོས་པ་ན་ཕ་ཤི་བ་མིན་པར་ཤེས་ཀྱང་རྫུན་གྱི་ཉེས་པར་མི་འགྱུར་བ་བཞིན་དུ་གསུངས་ཤིང་། གསེར་འོད་ལས་ཀྱང་། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བར་སྟོན། །ཞེས་པ་དང་། མདོ་སྡེ་རྒྱན་ནས། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སྣང་དང་མི་སྣང་ཤེས་པར་བྱ། །ཞེས་གསུངས་ཤིང་། མདོ་སྡེ་རྒྱན་ལས་སྤྲུལ་སྐུ་རྒྱུན་གྱིས་རྟག་པར་བྱེད་པའང་ཡང་ཡང་ཟས་སྦྱིན་པ་ལ་རྟག་ཏུ་ཟས་སྦྱིན་ཞེས་པ་ལྟར་ཡང་ཡང་སྤྲུལ་པ་སྟོན་པས་རྟག་པ་སྟེ། འདིར་མྱ་ངན་ལས་འདས་ཀྱང་གཞན་ན་མ་འདས་པར་བཞུགས་ཤིང་འདིར་ཡང་སངས་རྒྱས་ཀྱི་སྐུར་སྣང་བའི་གདུལ་བྱ་མེད་པས་འདས་ཀྱང་བརྒྱ་བྱིན་ལ་སོགས་པའི་གཟུགས་ཀྱི་གདུལ་བྱ་རྣམས་ཡོད་པས་མ་འདས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས། ད་ལྟ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་རྣམ་པར་སྤུད་པ་ན་སངས་རྒྱས་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་ཚེ་བསྐལ་པ་གྲངས་མེད་པ་བདུན་བརྒྱ་ཐུབ་པ་དེ་སྟོན་པ་འདི་ཡིན་པར་

༄༅། །བཤད་ཅིང་། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ན་ལ་ལར་བལྟམས་པ་དང་ལ་ལར་སངས་རྒྱས་པ་དང་ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ལ་ལར་མྱ་ངན་ལས་འདའ་བར་གསུངས་པས་སོ། །དེས་ན་སྒྲིབ་པ་མ་ལུས་པ་སྤངས་པས་མྱ་ངན་ལས་མ་འདས་པ་མིན། མཛད་པ་མ་རྫོགས་པས་འདས་པའང་མིན་ཏེ་ཐེག་ཆེན་བསྡུས་པར། སྒྲིབ་པ་ཀུན་ལས་ངེས་གྲོལ་ཕྱིར། །མཛད་པ་རྣམས་ཀྱང་མ་རྫོགས་ཕྱིར། །ཞེས་པས་སོ། །འོ་ན་དགུང་ལོ་དུ་ལ་འདས་ཤེ་ན། ཁ་ཅིག །ཀུན་ཏུ་རྒྱུ་རབ་བཟང་དང་དྲི་ཟ་རབ་དགའ་འདུལ་བ་ལ་ལོ་རེ་རེ་བཞུགས་པའམ། ཙུན་དས་གསོལ་བ་བཏབ་པས་ལོ་གཉིས་ནུར་ཏེ་བརྒྱད་ཅུ་རྩ་གཉིས་ལ་འདས་ཟེར་ཏེ་ཁུངས་མ་མཐོང་ངོ་། །མཆོད་རྟེན་བརྒྱད་ཀྱི་བསྟོད་པར། ཙུན་དས་གསོལ་བཏབ་ཟླ་བ་གསུམ་དུ་བཞུགས། །ཞེས་པ་དང་འགལ་ལོ། །འདུལ་(སྟོན་ཕུར་)འཛིན་ཁ་ཅིག་ཕྲན་ཚེགས་ལས་བརྒྱད་ཅུ་རྩ་བཞི་ལ་འདས་པར་བཤད་ཟེར་ཏེ་ཕྲན་ཚེགས་མ་མཐོང་བར་ཟད་དེ། ཕྲན་ཚེགས་ལས་ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི། ན་ཚོད་བརྒྱད་ཅུ་ལོན་ཏེ་སྐུ་བགྲེས་འཁོགས་གཏུགས་པར་གྱུར་ཏེ་ཞེས་གསུངས་སོ། །དེས་ན་བརྒྱད་ཅུ་ལ་འདས་པ་ཡིན་ཏེ་གསེར་འོད་ལས། སྐུ་ཚེ་བརྒྱད་ཅུ་ཞིག་ཐུབ་སྟེ་ཞེས་པ་དང་། སྙིང་རྗེ་པད་དཀར་ལས་ཚེའི་ལྔ་ཆ་གཏོང་བར་གསུངས་ཤིང་གཞན་ཡང་མདོ་མང་པོ་ལས་བརྒྱད་ཅུར་བཤད་ལ་བྱེ་བྲག་ཏུ་བཤད་པ་ལས་ཀྱང་། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤཾ་བྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་

ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་བཤད་དོ། །དུས་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་དཔྱིད་ཟླ་ཐ་ཆུང་ས་གའི་ཟླ་བའི་ཚེས་བཅོ་ལྔའི་མཚན་མོའི་གུང་ཐུན་ལ་འདས་པར་བཤད་ལ། ཕྲན་ཚེགས་ཀྱི་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པར་སྟོན་ཟླ་ཐ་ཆུང་སྨིན་དྲུག་གི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་གུང་ཐུན་ལ་འདས་པར་འདོད་དོ། །པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །ཞེས་གསུང་ངོ་། །དེ་ལ་ཉན་ཐོས་ལྟར་ན། སྲོད་ལ་ལྷའི་བུའི་བདུད་བཏུལ། ཐོ་རངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཏུལ། བདུད་ཀྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་བས་འཁོར་རྣམ་བཞིའི་དོན་བྱས་མ་ཟིན་གྱི་བར་དུ་མྱ་ངན་ལས་མི་འདའ་བར་གསུངས་པས་འཆི་བདག་གི་བདུད་བཅོམ་ཞེས་ཁ་ཅིག་ཟེར་རོ། །ཁ་ཅིག་དཀའ་བ་སྤྱོད་པའི་དུས་སུ་ཕུང་པོའི་བདུད་བཅོམ་ཟེར་རོ། །ཁ་ཅིག །འཆི་བདག་དང་ཕུང་པོའི་བདུད་གཉིས་མྱ་ངན་ལས་འདས་ནས་བཅོམ་ཟེར་རོ། །འོན་ཀྱང་འོད་མའི་ཚལ་དུ་དབྱར་གནས་མཛད། དེའི་ཚེ་སྙུན་དྲག་པོའི་ཚུལ་བསྟན། དེ་ནས་བདུད་ཀྱིས་བསྐུལ་ནས་ཚེའི་འདུ་བྱེད་བཏང་། འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་པས་རིམ་པ་ལྟར་འཆི་བདག་དང་ཕུང་པོའི་བདུད་གཉིས་བཅོམ་པར་གསལ་ཏེ་ཡེ་ཤེས་སྙིང་པོས། འདི་དག་ལ་སོགས་ཚིག་གིས་ནི། །དེ་དག་བྱིན་གྱིས་བརླབས་པར་བསྟན། །དེ་ནི་བདུད་གཉིས་བཅོམ་པ་ཡིས། །གདུལ་བ་ལ་ནི་ཐུགས་བརྩེའི་ཕྱིར། །འཆི་བདག་དང་ཕུང་པོའི་མཚན་ཉིད་ཀྱི་བདུད་གཉིས་བཅོམ་པས་གདུལ་བ་གང་

༄༅། །ཡིན་པ་དེ་ལ་ཐུགས་བརྩེ་བའི་ཕྱིར་བྱིན་གྱིས་བརླབས་པ་དེ་མཛད་དོ། །འཆི་བ་ལ་དབང་མངའ་བར་བསྟན་པའི་ཕྱིར་ནི་བཏང་ངོ་། །ཕུང་པོ་ལ་དབང་མངའ་བར་བསྟན་པའི་ཕྱིར་ནི་བྱིན་གྱིས་བརླབས་ཏེ་དེ་ལྟར་ངེས་པར་གཟུང་བར་བྱའོ་ཞེས་གསུངས་སོ། །ཐེག་ཆེན་པ་ལྟར་ན་ཁྱོད་ཀྱིས་བྱང་ཆུབ་པ་དང་དུས་མཉམ་པ་ཁོ་ནར་བདུད་བཞི་བཅོམ་པ་ལགས་སོ། །ཞེས་པ་ལྟར། གཅིག་ཅར་དུ་བཅོམ་པར་ཤེས་པར་བྱའོ། །མཛད་པ་བཅུ་གཉིས་འདི་དག་ལ་ལུང་དང་མངོན་འབྱུང་དང་རྒྱ་རོལ་རྣམས་ལ་མི་མཐུན་པ་ཅི་རིགས་སུ་འབྱུང་མོད་ཀྱི་འདིར་རྒྱ་རོལ་གྱི་རྗེས་སུ་འབྲངས་ཏེ་བཤད་ཅིང་མྱ་ངན་ལས་འདས་པའི་ཚུལ་ཕྲན་ཚེགས་བཞིན་བཤད་དོ། །འདི་དག་གི་དགོངས་པ་ལ་སོགས་པ་ཞིབ་ཏུ་ཐབས་ལ་མཁས་པའི་མདོ་ལ་སོགས་པར་ཤེས་པར་བྱའོ། །
