བུ་སྟོན་ཆོས་འབྱུང་།

སྡེ་བ་གྱེས་ཚུལ།

上一章
下一章
89a

(སྡེ་བ་གྱེས་ཚུལ།)

དེ་ལ་སྡེ་པའི་གྱེས་ཚུལ་ལ། བྷ་བྱ་ན་རེ། རྩ་བ་ཕལ་ཆེན་པ་དང་གནས་བརྟན་པ་གཉིས་ཡིན་ཟེར་རོ། །ཁ་ཅིག །རྣམ་པར་ཕྱེ་སྟེ་སྨྲ་བ་དང་གསུམ་ཡིན་ཟེར་རོ། །གཞི་ཡོད་སྨྲ་བ་ན་རེ། བསྡུ་བ་གཉིས་པའི་བར་དུ་གཞི་ཐམས་ཅད་ཡོད་སྨྲ་གཅིག་པུ་ལས་མེད་པ་ལ་དེ་རྗེས་ནས་སྐད་ཐ་དད་ཀྱིས་འདོན་པས་བཅུ་བདུན་ཏེ། གྱེས་པ་ནི། བསྟན་པ་མིན་ཏེ། སྡོམ་གྱིས་མ་བསྡུས་པས་འདུལ་བ་ལ་མི་སྣང་། དོན་ཕན་ཚུན་འགལ་བས་མདོ་སྡེ་ལ་མི་འཇུག །ཚིག་གི་དོན་གཞན་དུ་སྟོན་པས་ཆོས་ཉིད་དང་མི་མཐུན་པས་བཀའ་མིན་ནོ་ཟེར་བ་ལ། གྱེས་པ་བཅུ་བདུན་གྱི་གཞུང་བཀའ་ཡིན་ཏེ། ཚུལ་ཁྲིམས་སྟོན་པས་འདུལ་བ་ལ་སྣང་། ལྷག་པའི་སེམས་སྟོན་པས་མདོ་སྡེ་ལ་འཇུག །

89b

མྱང་འདས་དང་མཐུན་ཞིང་ལྷག་པའི་ཤེས་རབ་སྟོན་པས་ཆོས་ཉིད་དང་མི་འགལ་བའི་ཕྱིར་རོ། །ཆོས་ཐམས་ཅད་བདག་མེད་པ་ལ་སོགས་པའི་ཕྱག་རྒྱ་གསུམ་གྱིས་བཏབ་པའི་ཕྱིར་དང་། སངས་རྒྱས་ཀྱི་གསུང་དོན་ཁོ་ན་གཙོར་བཞེད་པའི་ཕྱིར་དང་། དགྲ་བཅོམ་པ་རྣམས་ཀྱིས་རྣམ་པར་དབྱེ་བ་མཛད་པའི་ཕྱིར་དང་། དེ་དག་ཀྱང་སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བའི་ཕྱིར་དང་། རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལམ་བཤད་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རྨི་ལམ་དུ་མི་བཅོ་བརྒྱད་ཀྱིས་རས་ཡུག་འདྲེན་པ་མཐོང་བ་དེ་ནི། ཤཱཀྱ་ཐུབ་པའི་བསྟན་པ་རྣམ་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་ལ་དེའི་རྣམ་པར་གྲོལ་བའི་རས་ནི་གྱེས་པར་མི་འགྱུར་བའོ་ཞེས་གསུངས་པས་བཀར་བསྒྲུབས་སོ། །དུལ་ལྷ་དང་ལོ་དྲི་མཁན་པོས་རྩ་བའི་སྡེ་བཞིར་འདོད་དོ། དུལ་ལྷས། ཤར་དང་ནུབ་དང་གངས་རི་དང་། །འཇིག་རྟེན་འདས་པར་སྨྲ་བ་དང་། །རྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྲུང་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་བྱེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོག་རིས་དང་སྲུང་བ་པ། །གནས་མའི་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ཅེས་འབྱུང་ངོ་། །ལོ་དྲི་མཁན་པོ་ལྟར་ན། ཕལ་ཆེན་སྡེ་ལ་དྲུག །ཡོད་སྨྲ་ལ་བཞི། མང་པོས་བཀུར་བ་ལ་ལྔ། གནས་བརྟན་པ་ལ་གསུམ་དུ་འདོད། དེ་ལ་ཕུང་པོ་སྐྱེ་མཆེད་ཁམས་གསུམ་མམ། དུས་གསུམ་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བས་ཐམས་ཅད་ཡོད་པར་སྨྲ་བ། ཡ་རབས་ལས་འཇིག་རྟེན་གྱི་ཆོས་ལུགས་འབྱུང་བ་བཞིན་དུ། སཾ་སྐྲྀ་ཏའི་སྐད་ཀྱིས་བརྗོད་ཅིང་སྡེ་པ་གཞན་གྱི་ཆོས་ལུགས་འབྱུང་བའི་གཞི་ཡིན་པས།

90a

༄༅།        །གཞི་ཐམས་ཅད་ཡོད་སྨྲའོ། །མཁན་པོ་རྒྱལ་རིགས་བསླབ་པ་ལ་གུས་པའི་མཆོག་སྒྲ་གཅན་ཟིན་བཟང་པོ། སྐད་སཾ་སྐྲྀ་ཏའི་སྐད། སྣམ་སྦྱར་སྣམ་ཕྲན་ཉེར་ལྔ་པ་ནས་དགུ་པ་ཡན་ཆད་ལ་རྟགས་ཨུཏྤ་ལ་དང་པདྨ་དང་རིན་པོ་ཆེ་དང་ཤིང་ལོ་འབྱུང་ངོ་། །དགེ་འདུན་ཕལ་ཆེན་པ་ནི། དགེ་འདུན་ཡང་ཡིན་ལ་དེ་ཉིད་ཕལ་ཆེ་བ་ཡང་ཡིན་པས་དགེ་འདུན་ཕལ་ཆེན་པ། མཁན་པོ་བྲམ་ཟེ་སྦྱངས་པའི་ཡོན་ཏན་གྱི་མཆོག་འོད་སྲུང་ཆེན་པོ། སྐད་ཐ་མལ་པའི་སྐད། སྣམ་ཕྲན་ཉེར་གསུམ་ནས་བདུན་ཡན་ཆད་རྟགས་དུང་ངོ་། སྐྱེ་བོ་མང་པོས་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པས་ཀུན་གྱིས་བཀུར་བ། མཁན་པོ་དམངས་རིགས་འདུལ་བ་འཛིན་པའི་མཆོག་ཉེ་བར་འཁོར། སྐད་ཟུར་ཆག་པ་ཨ་བྷ་བྷྲཾསའི་སྐད། སྣམ་ཕྲན་ཉེར་གཅིག་ནས་ལྔ་ཡན་ཆད་རྟགས་མེ་ཏོག་སོ་ཙི་ཀའོ། །གནས་བརྟན་པ་ནི། གནས་བརྟན་འཕགས་པའི་རིགས་ཡིན་པར་སྨྲ་བས་གནས་བརྟན་པ། མཁན་པོ་རྗེ་རིགས་མཐའ་འཁོབ་འདུལ་བའི་མཆོག་ཀ་ཏྱ་ན། སྐད་འབྲིང་དུ་འདོན་པ། སྣམ་ཕྲན་དང་རྟགས་མང་པོས་བཀུར་བ་དང་མཐུན་པར་གྲག་གོ ། ཁ་ཅིག །ཕལ་ཆེན་པ་སྐད་འབྲིང་དུ་འདོན་པའི་སྐད། ཀུན་གྱིས་བཀུར་བ་ཐ་མལ་པའི་སྐད། གནས་བརྟན་པ་ཟུར་ཆག་ཏུ་འདོད་དོ། །དེ་ལྟར་བཅོ་བརྒྱད་པོ་ལྟ་བའི་ཁྱད་པར་ཆེ་ཞིང་སྟོན་པའི་བསྟན་པ་ཡིན་ཏེ། ཇི་སྐད་དུ། ལྟ་བའི་བྱེ་བྲག་འབའ་ཞིག་གི །རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །ཞེས་པ་དང་། ཤཱཀྱ་སེང་གེའི་བསྟན་པ་ནི། །དེ་ལྟར་དབྱེ་བ་བཅོ་བརྒྱད་དུ། །འགྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་འཕྲིན་ལས་ངེས་པ་ཡིན། །ཞེས་སོ། །དེ་ལྟར་བསྡུ་བ་གསུམ་པ་བྱས་ནས་སོ་སོ་སྐྱེ་བོ་གཟུངས་མ་ཐོབ་པ་རྣམས་བཀའ་ལྷག་ཆད་དུ་འདོན་པ་ལས་

90b

ཐུབ་པའི་གསུང་མི་ཉམས་པར་བྱ་བའི་ཕྱིར་གླེགས་བམ་ཡི་གེར་བཀོད་ཀྱི་དེ་ཡན་ཆད་བློ་ལ་འདོན་གྱི་ཡི་གེ་མེད་ཟེར་རོ། །ཁ་ཅིག །དེ་མི་འཐད་དེ། འཇམ་དཔལ་རྩ་རྒྱུད་ལས། མ་སྐྱེས་དགྲའི་བུ་ཨུ་པ་ཞེས་བྱ་བས་སངས་རྒྱས་ཀྱི་གསུང་རབ་རྣམས་ཡི་གེར་འབྲི་བར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་ཡང་དྲི་མེད་འོད་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན་སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། ཞེས་གསུངས་པས་སྔར་ཡང་བྲིས་སམ་སྙམ་མོ། །