བུ་སྟོན་ཆོས་འབྱུང་།
དང་པོ། བསྟན་པ་ཇི་སྲིད་གནས་པའི་དུས།
(དང་པོ། བསྟན་པ་ཇི་སྲིད་གནས་པའི་དུས།)
དང་པོ་ལ་འདུལ་འཛིན་ཁ་ཅིག །བསྟན་པ་ལོ་བདུན་སྟོང་དུ་གནས་པ་ལ་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བས་ཉིས་སྟོང་འགྲིབ་སྟེ་ལྔ་སྟོང་དུ་གནས་པར་ཕྲན་ཚེགས་ནས་བཤད་ཟེར་ཏེ། ཕྲན་ཚེགས་སུ་ཡང་ཡང་ལོ་སྟོང་དུ་གནས་པར་གསུངས་པ་དང་འགལ་ལོ། །མདོ་བསྐལ་བཟངས་ལས་ཆོས་ལོ་ལྔ་བརྒྱ་དང་གཟུགས་བརྙན་ལོ་ལྔ་བརྒྱ་སྟེ་སྟོང་དུ་བཤད། མཛོད་ཀྱི་མདོ་ཊཱིཀ་ཏུ་གསེར་ཕྲེང་ཅན་གྱི་རྟོགས་པ་བརྗོད་པ་ལས་ཀྱང་རྒྱལ་པོ་ཁྱོད་ཀྱི་རྨི་ལམ་དུ་སྐྱེ་བོ་ཕལ་པོ་ཆེ་འདུས་ནས་ཚིག་ངན་བརྗོད་དེ་ཆད་པ་དང་གནོད་པ་བྱེད་པ་མཐོང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་བསྟན་པ་ལོ་སྟོང་དུ་གནས་ཤིང་མཐར་ངན་པར་སྨྲ་བ་དང་ཆད་པར་བྱེད་པས་ནུབ་པར་འགྱུར་བའི་སྔ་ལྟས་ཡིན་ནོ་ཞེས་འབྱུང་ངོ་། །མངོན་པ་མཛོད་ཀྱི་རང་འགྲེལ་དུ། དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ། རྟོགས་པ་ནི། དེ་ལྟ་བུ་ཡིན་གྱི། ལུང་ནི་ཡུན་རིང་དུ་གནས་སོ། །ཞེས་ཟེར་རོ་ཞེས་ལོ་སྟོང་དུ་གནས་པར་གསུངས་སོ། །དྲིན་ལན་བསབ་པར། གལ་ཏེ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་བསྟན་པ་ལ་བུད་མེད་འཇུག་ཏུ་གནང་བར་གྱུར་ན། དམ་པའི་ཆོས་ལོ་ལྔ་བརྒྱས་སྔར་ནུབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མི་དགོངས་སོ། །ཞེས་བུད་མེད་རབ་ཏུ་ཕྱུང་བས་ལོ་ལྔ་བརྒྱ་འགྲིབ་པར་བཤད་དོ། །བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པར་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་ཞེས་པའི་འགྲེལ་པར། དཔེར་ན་མིའི་ཚེ་ལོ་བརྒྱ་ཐུབ་པ་ལ་ལོ་ལྔ་བཅུའི་བར་དུ་ནི་འཕེལ་བའི་དུས་ཏེ། ལུས་དང་ཤེས་རབ་དང་རྩལ་ལ་སོགས་པ་འཕེལ་ཞིང་སྐྱེའོ། །དེ་ལྟར་ལོ་ལྔ་བཅུ་འདས་ནས་དེའི་ཕྱི་མ་ལྔ་བཅུ་ནི། འགྲིབ་པའི་དུས་ཏེ། ལུས་དང་ཤེས་
རབ་དང་། རྩལ་ལ་སོགས་པ་ཉམས་ཤིང་འབྲི་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འབྲས་བུ་ཐོབ་པ་དང་ཤིན་ཏུ་རྒྱས་པའི་དུས་ནི། ལོ་སྟོང་ཞིག་སྟེ། འཛམ་བུའི་གླིང་ན་གནས་སོ། །དེ་ཡང་ཕྱེད་དུ་བགོས་ཏེ་ལྔ་བརྒྱ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ་ལྔ་བརྒྱ་ཕྱི་མ་ནི་འགྲིབ་པའི་དུས་ཞེས་བྱའོ་ཞེས་གསུངས་སོ། །ཡང་ཟླ་བ་སྙིང་པོའི་མདོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་གནས་པར་འགྱུར་རོ་ཞེས་པ་དང་། སྙིང་རྗེ་པད་དཀར་དུ། བདག་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག །ཡང་ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག་ཅེས་ཕྱེད་དང་ཉིས་སྟོང་དུ་གསུངས་ལ། རྡོ་རྗེ་གཅོད་པའི་འགྲེལ་པར། ལྔ་བརྒྱ་པ་ཐ་མ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ནི། ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་མཛད་དོ་ཞེས་པ་དང་། ཐུབ་དགོངས་སུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནི། ལོ་ལྔ་བརྒྱ་པ་ལྔར་གནས་པར་གསུངས་སོ་ཞེས་ཁ་ཅིག་ཟེར་རོ་ཞེས་ཕྱེད་དང་སུམ་སྟོང་དང་། འབུམ་ཊཱིཀ་ཏུ། ལོ་ལྔ་སྟོང་གནས་པ་ལས་སྟོང་ཕྲག་རེ་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུ་ལ་ལེའུར་བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དང་རྒྱུན་དུ་ཞུགས་པ་མང་དུ་འབྱུང་བས། དགྲ་བཅོམ་པའི་ལེའུ་དང་ཕྱིར་མི་འོང་བའི་ལེའུ་དང་རྒྱུན་དུ་ཞུགས་པའི་ལེའུ་ཞེས་བྱ་སྟེ། ཁོང་དུ་ཆུད་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་ལྷག་མཐོང་གི་ལེའུ་དང་ཏིང་ངེ་འཛིན་གྱི་ལེའུ་དང་ཚུལ་ཁྲིམས་ཀྱི་ལེའུ་ཞེས་བྱ་སྟེ། སྒྲུབ་པའི་

༄༅། །ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་རིམ་པ་ལྟར་ཆོས་མངོན་པ་དང་མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས་མངོན་པའི་ལེའུ་དང་མདོ་སྡེའི་ལེའུ་དང་འདུལ་བའི་ལེའུ་སྟེ། ལུང་གི་ལེའུ་གསུམ་དང་། ལྔ་བརྒྱ་པ་བཅུ་པ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ། འདི་ཉིད་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་འཇམ་དཔལ་གྲགས་པས། ལྔ་བརྒྱ་ཕྲག་བཅུ་པོ་ལ་མངོན་པར་རྟོགས་པའི་དུས་གསུམ་དང་སྒྲུབ་པའི་དུས་གསུམ་དང་ལུང་གི་དུས་གསུམ་དང་རྟགས་ཙམ་འཛིན་པའི་དུས་ཞེས་བཤད་ལ། དང་པོ་ལ་འབྲས་བུའི་དུས་ཞེས་ཀྱང་བྱའོ། །ཡང་འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས། འཇམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་ལོ་བཅུ་པ་ལས་ཡར་འཕེལ་ཏེ། ཚེ་ལོ་དྲུག་བརྒྱ་པར་གྱུར་པའི་བར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་བཤད་དོ། །དེ་ལ་ལོ་སྟོང་དང་སྟོང་ལྔ་བརྒྱ་དང་ཉིས་སྟོང་དང་ཉིས་སྟོང་ལྔ་བརྒྱར་བཤད་པ་ནི། དྲང་དོན་དུ་གསལ་ཏེ། དགོངས་གཞི་སྒྲུབ་པ་ལ་སོགས་པ་ཉམས་པ་ལ་དགོངས་ཏེ། ཐུབ་དགོངས་སུ། དམ་པའི་ཆོས་ནུབ་པ་ནི། སྒྲུབ་པ་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་པ་དང་། རྡོ་རྗེ་གཅོད་པའི་འགྲེལ་པར། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ནི། མོས་པ་དང་ཀློག་པ་དང་ཁ་ཏོན་བྱེད་པ་དང་ལུང་ནོད་པ་དང་འཆད་པ་དང་ཉན་པ་དང་སེམས་པ་ལ་སོགས་པ་ཉམས་པའོ། །ཞེས་བཤད་པས་སོ། །དགོས་པ་གདུལ་བྱ་སྐྱོ་བ་བསྐྱེད་པའི་ཕྱིར་ཡིན་ནོ། །དངོས་ལ་གནོད་བྱེད་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པར། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ་ཞེས་སོགས་དང་། ཐོགས་མེད་སྐུ་མཆེད་ལ་སོགས་ལུང་བསྟན་པ་དང་

འགལ་བའི་ཕྱིར་རོ། །མཛོད་ཀྱི་འགྲེལ་བཤད་དུ། ལུང་གི་ཆོས་ཡུན་རིང་དུ་གནས་པ་ནི། ལོ་སྟོང་གི་འོག་ཏུ་ཡང་གནས་སོ་ཞེས་བྱ་སྟེ། ཕྱོགས་འདི་ཉིད་རིགས་པར་བལྟའོ་ཞེས་སོ། །ལྔ་སྟོང་དུ་གནས་པ་ངེས་པའི་དོན་ཏེ་དེ་ལ་སྔར་ལོ་དུ་སོང་ན་ཇོ་བོ་རྗེ་ནི། སྟོན་པ་ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུའི་ལོ་སྟོན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ལ་འདས་པར་བཞེད་ལ། ཆོས་རྗེ་ས་སྐྱ་པ་ནི། མེ་མོ་ཡོས་(རབ་བྱུང་།) ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་(རྣམ་བྱུང་།)ལ་བལྟམས། ཆུ་ཕོ་སྟག་(དགའ་བྱེད།)ལ་སངས་རྒྱས། མེ་མོ་ཕག་(ཐམས་ཅད་འདུལ།)གི་དཔྱིད་ཐའི་ཉའམ་སྟོན་ཐའི་ཚེས་བརྒྱད་ལ་འདས་པར་བཞེད་དོ། །དེ་ལ་སྟོན་པ་འདས་ནས་ལོ་བརྒྱ་སུམ་ཅུ་རྩ་བདུན་ན་རྒྱལ་པོ་དགའ་བྱེད་བྱུང་། དེ་ནས་ལོ་བརྒྱད་བརྒྱ་ན་རྒྱལ་པོ་ཟླ་སྲུང་བྱུང་། དེ་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་གཅིག་ན་རྒྱལ་པོ་བརྗེད་མངས་བྱུང་། དེ་ནས་ལོ་བདུན་བརྒྱ་ཉི་ཤུ་རྩ་བཞི་ནས་འཕྲ་བཟུང་ནས་ལོ་བརྒྱད་བརྒྱ་བཅུ་བཞི་ན་བལ་པོར་རྒྱལ་པོ་འོད་ཟེར་གོ་ཆ་བྱུང་། དེ་ནས་ལོ་ཉིས་བརྒྱ་བཞི་བཅུ་རྩ་གཉིས་ན་བོད་ཀྱི་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་བྱུང་སྟེ། དེ་ཡན་ཆད་ལ་ལོ་ཉིས་སྟོང་དགུ་བརྒྱ་ལྔ་བཅུ་རྩ་ལྔ་སོང་ཞེས་རྒྱ་གར་དང་བལ་པོའི་ལོ་བཅོས་པ་དང་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་ལེགས་པར་བརྩིས་པ་ལས་འབྱུང་ཞིང་། ཇོ་བོ་རྗེའི་རྗེས་སུ་འབྲངས་ཏེ་མཆིམས་ནམ་མཁའ་གྲགས་ཀྱིས། མེ་མོ་སྦྲུལ་ལོ་སུམ་སྟོང་སུམ་བརྒྱ་དགུ་བཅུ་རྩ་གསུམ་འདས་པར་བཞེད་པས་ཆུ་ཕོ་ཁྱི་ཡན་ཆད་ལ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་བརྒྱད་འདས་པར་བཞེད་དོ། །ཐུབ་པ་འབྲུག་ལོ་པར་བཞེད་པའི་ལུགས་ཀྱིས། རྗེ་བཙུན་གྲགས་པ་རྒྱལ་མཚན་ཞི་བར་གཤེགས་པའི་ཆོས་འཁོར་མེ་ཕོ་བྱི་བ་ལ་མཛད་པའི་ཚེ། ས་སྐྱ་པཎྜི་ཏས་བརྩིས་པས་སུམ་སྟོང་སུམ་བརྒྱ་བཞི་བཅུ་ཞེ་དགུ་ལོན། དེ་ནས་མེ་མོ་གླང་

༄༅། །ལ་ཆུ་མིག་ཆོས་འཁོར་གྱི་དུས་སུ་བླ་མ་ཆོས་རྒྱལ་གྱིས་བརྩིས་པས་སུམ་སྟོང་བཞི་བརྒྱ་དང་བཅུ་ལོན་པར་བརྩིས་པས་ཆུ་ཕོ་ཁྱི་(རྔ་ཆེན།)ལོ་ལ་བླ་མ་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བོད་དུ་བསྙེན་རྫོགས་ལ་བྱོན་པའི་ལོ་ཡན་ཆད་ལ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་འདས། རྩ་དྲུག་པའི་སྟེང་ན་ཡོད་པས། འབྲས་བུ་དང་སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་ཕྲག་དྲུག་དང་། ལུང་མངོན་པའི་དུས་ཀྱི་བཞི་བརྒྱ་ལྔ་བཅུ་རྩ་ལྔ་ནི་འདས་ལ། ལྷག་མར་མངོན་པའི་ལོ་བཞི་བཅུ་ཞེ་ལྔ། མདོ་སྡེ་འདུལ་བ་རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གསུམ་སྟེ། ལོ་སྟོང་ལྔ་བརྒྱ་བཞི་བཅུ་ཞེ་ལྔ་ལྷག་མར་ལུས་སོ་ཞེས་བྱའོ། །ཁ་ཆེ་ཤཱཀྱ་ཤྲཱིས་ཤིང་ཕོ་བྱི་ལོ་ལ་ཁྲོ་ཕུར་བརྩིས་པ་དང་། མེ་མོ་ཡོས་ལ་སོལ་ནག་ཐང་ཆེན་དུ་བརྩིས་པར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་ཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང་། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་རབ་འདས། །ལོ་ནི་སྟོང་ཕྲག་གསུམ་དང་ནི། །ཉིས་བརྒྱ་དང་ནི་བཞི་བཅུ་དགུ། །ཟླ་བ་དགུ་དང་ཉི་མ་བཅུ། །མ་འོངས་བསྟན་པའི་ལྷག་མར་གནས། །ཞེས་མེ་མོ་ཡོས་དཔྱིད་འབྲིང་གི་ཚེས་ལྔ་ལ་བརྩིས་པ་དང་ལྕགས་ཕོ་རྟ་ལ་ས་སྐྱར་བརྩིས་པའི་ལུགས་ཀྱིས། ལོ་སྟོང་བརྒྱད་བརྒྱ་དྲུག་ཅུ་རྩ་ལྔ་ཆུ་ཕོ་ཁྱི་ལོ་ཡན་ཆད་ལ་འདས་པར་བཞེད་པ་ལ། ཆོས་རྗེ་ས་སྐྱ་པའི་ཞལ་ནས། ལུགས་དེ་ནི་རྒྱ་གར་ན་ཉན་ཐོས་སེན་དྷ་བ་རྣམས་དུས་བརྗོད་པའི་ཚེ་སྟོན་པ་འདས་ནས་ལོ་འདི་སོང་ཞེས་ནུབ་རེ་ཞིང་བརྩི་བ་ཞིག་ཡོད་པ་ལས། དེའི་ལུགས་མ་ག་དྷའི་བྱང་ཆུབ་ཆེན་པོའི་སྐུ་གཟུགས་དེ་སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོས་མཛད་པར་བཞེད་ནས་ཅན་དན་གྱི་ལྡེ་གུ་སྤུངས་པ་ན་རང་

བྱུང་དུ་བྱུང་བའི་དུས་དེ་ནས་བཟུང་བས་དུས་ཚིགས་འཁྲུལ་ཏེ། སྟོན་པ་འདས་ནས་ལོ་འདི་སོང་ཞེས་བརྩི་པས་དེའི་རྗེས་སུ་འབྲངས་ནས་རྒྱ་བལ་ཁ་ཆེའི་པཎྜི་ཏ་ཕལ་ཆེར་བཞེད་ཀྱང་ཡིད་བརྟན་པར་མི་བྱ་སྟེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་ལུང་བསྟན་ན་གདོང་དམར་གྱི་ཡུལ་དུ་ཞེས་པ་བོད་ཡིན་པས་དེ་དང་ཀླུ་སྒྲུབ་ལ་སོགས་པ་ལུང་བསྟན་པའི་ལོ་གྲངས་དང་རྒྱལ་པོ་ལ་སོགས་པའི་རབས་བརྩིས་ན་མི་འཐད་པའི་ཕྱིར་རོ་ཞེས་གསུངས་སོ། །རྦ་བཞེད་ནས་གདོང་དམར་གྱི་ཡུལ་རྒྱ་ལ་བཤད་དོ། །ཁ་ཅིག་དུས་འཁོར་ལུགས་ཀྱིས་ཆུ་ཕོ་ཁྱི་ཡན་ཆད་ལ་སྟོང་དྲུག་བརྒྱ་བཅུ་གསུམ་འདས། ལྷག་མ་བརྒྱ་བརྒྱད་ཅུ་རྩ་བདུན་ལས་སོ་ཟེར་བ་ནི། དུས་ཀྱི་འཁོར་ལོའི་དགོངས་པ་མ་ཤེས་པར་རིག་པར་བྱའོ། །ཁ་ཅིག །ཀ་མ་ལ་ཤཱི་ལའི་ལུགས་ཀྱི་ཉིས་སྟོང་བཞི་བཅུ་འདས་ལ་བཞི་བརྒྱ་དྲུག་ཅུ་ལུས་ཞེས་སྨྲ་བ་ལ་ཤེས་བྱེད་མ་མཐོང་ངོ་། །དེས་ན་དུས་འཁོར་ལུགས་ཀྱིས། རྩ་རྒྱུད་བསྟན་ནས་ཆུ་ཕོ་ཁྱི་ཡན་ཆད་ལ་ལོ་ཉིས་སྟོང་ཆིག་བརྒྱ་དགུ་བཅུ་རྩ་བརྒྱད་འདས་པར་ཤེས་པར་བྱའོ། །ཚེ་ལོ་དྲུག་བརྒྱའི་བར་དུ་གནས་པར་བཤད་པ་ནི། སྐུ་གདུང་གི་མཆོད་རྟེན་ལ་སོགས་ལ་དགོངས་པ་ཡིན་ནམ་སྙམ་མོ། །
