རྟ་ནག་ཆོས་འབྱུང་།
གླེང་གཞི།
(གླེང་གཞི།)
འཛམ་བུས་མཛད་པའི་གླིང་འདིར་ཆུ་ཀླུང་དང་ཆུ་ཕྲན་ཇི་སྙེད་འབབ་ཅིང་མེ་ཏོག་དང་། འབྲས་བུ་དང་སྨན་དང་ནགས་ཚལ་འབྲུ་བཅུད་ལ་སོགས་པ་སྣ་ཚོགས་པ་སྐྱེ་བ་འདི་ཀླུའི་རྒྱལ་པོ་མ་དྲོས་པའི་སྔོན་གྱི་སྨོན་ལམ་དང་ལྷག་པའི་བསམ་པ་རྨད་དུ་བྱུང་བའི་མཐུ་ཡིན་པ་ལྟར། ཐུབ་པའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པའི་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་འཆད་པ་དང་ཉན་པ་དང་བསམ་པ་དང་། བསྒོམ་པས་ཉམས་སུ་ལེན་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་སུ་མཆོག་གི་ཁྱད་པར་དུ་འཕགས་པའི་ཕན་བདེ་འབྱུང་བ་དང་། འབྲས་བུ་བཞི་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་སོགས་རྣམ་པར་དཀར་བའི་ཡོན་ཏན་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བ་དང་། སྔོན་གྱི་སྨོན་ལམ་དང་། ཐུགས་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་ལས་བྱུང་བ་ཡིན་ཏེ། མདོ་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་རྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡིས་འབྲས་ཐོབ་པ། །
དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་དང་། དཔེར་ན་མ་དྲོས་གནས་པའི་ཀླུ་བདག་མེད་གྱུར་ན། །འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཆུ་ཀླུང་མེད་ན་མེ་ཏོག་འབྲས་བུ་འབྱུང་མི་འགྱུར། །རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་འགྱུར། །དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱིས། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་། །ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་སེམས་ཅན་གྱི་འགྲོ་བ་གང་གི་རྒྱུད་ལ་དགེ་བའི་སེམས་སྐད་ཅིག་མ་གཅིག་སྐྱེས་པ་ཡན་ཆད་ཀྱང་དེ་བཞིན་གཤེགས་པ་ཁོ་ནའི་ཐུགས་རྗེའམ་མཐུ་ལས་བྱུང་བ་ཡིན་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་བར་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་སངས་རྒྱས་ཀྱི་བྱིན་རླབས་འཇུག་པ་ལ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བསྟེན་དགོས་ཏེ། དེ་ཉིད་ལས། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་དང་།

༄༅། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་དང་། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས། བློ་ཡི་ནུས་པ་ཅུང་ཟད་ཡོད་ཀྱང་ལེགས་བཤད་སྙིང་པོ་མ་རྙེད་ཅིང་། །ཉིན་དང་མཚན་དུ་འབད་པ་བྱས་ཀྱང་གཞུང་ལུགས་ཕྱོགས་རེ་དཔྱིས་མ་ཕྱིན། །རྟག་ཏུ་བརྩོན་པས་ཏིང་འཛིན་བསྒྲུབས་ཀྱང་སངས་རྒྱས་དགྱེས་པའི་ལམ་ལས་གོལ། །སྙིགས་དུས་སྐྱེ་བོ་ཆོག་ཤེས་རྣམས་ཀྱང་ལེགས་པར་སོམ་ལ་མཁས་པ་བསྟེན། །ཞེས་གསུངས་པའི་ཕྱིར། བསྟེན་པར་བྱ་བའི་བླ་མའི་མཚན་ཉིད་ཀྱང་མདོ་རྒྱུད་དགོངས་འབྲེལ་དང་བཅས་པ་ལས། མང་དུ་གསུངས་ཀྱང་། མེད་ཁ་མེད་ཀྱི་ཡན་ལག་ཏུ་ཚུལ་ཁྲིམས་རྣམ་པར་དག་པས་སྒོ་གསུམ་གཙང་བ། ཤེས་རབ་དག་པས་བཤད་བྱའི་དོན་ལ་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པར་འདོད་པ་སྟེ་ཁྱད་ཆོས་གསུམ་ལྡན་ཞིག་དགོས་ཏེ། ས་སྐྱ་པཎྜི་ཏས་མཁས་པ་འཇུག་པའི་སྒོ་ལས། གཙང་མཁས་གཞན་ལ་ཕན་པར་འདོད། །ཅེས་གསུངས་པའི་ཕྱིར། བསྟན་པ་པོ་སློབ་མའི་མཚན་ཉིད་ནི། རྣམ་དཔྱོད་ཀྱི་བློ་གྲོས་གསལ་བ། ངག་ཉུང་བ། བླ་མ་ལ་གུས་པ་སྟེ། ཁྱད་ཆོས་གསུམ་ལྡན་ཞིག་དགོས་ཏེ། དེ་ཉིད་ལས། བློ་གསལ་ངག་ཉུང་བླ་མར་གུས། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་སློབ་མས་དེ་ལྟ་བུའི་བླ་མ་བསྟེན་ནས་བཤད་ཉན་བྱ་བའི་ཡུལ་ནི་ཤེས་བྱ་རིག་པའི་གནས་བཅོ་བརྒྱད་དམ་བཅུའམ་ལྔ་ཡིན་ཏེ། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་

བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩན་བྱེད། །ཅེས་དང་། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །ཤེས་བྱའི་གནས་ཀུན་ལེགས་པར་སྦྱང་ཞེས་གསུངས། །ཞེས་དང་། མཁས་འཇུག་ལས། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །དེ་ཡུལ་བརྡ་སྤྲོད་རྟོག་གེ་དང་། །གསོ་བ་ཕྱི་ནང་རིག་ཅེས་བྱ། །ཞེས་གསུངས་པའི་ཕྱིར། རིག་པའི་གནས་བཅུ་དང་བཅོ་བརྒྱད་དུ་བཤད་པ་ནི་རིག་པའི་གནས་ལྔའི་ནང་གསེས་ཀྱི་དབྱེ་བ་ཙམ་ཡིན་པས་ལྔ་པོ་དེར་འདུས་པ་ཡིན་ཏེ། མཁས་འཇུག་ལས། གཞན་ལས་གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཞེས་བྱ། །ཞེས་གསུངས་པའི་ཕྱིར། དེས་ན་གསུང་རབ་ཀྱི་དོན་ལ་མ་སྦྱངས་པར་སེམས་ཁོ་ན་རྐྱང་དེད་བྱས་ནས་བལྟས་པས་རྣམ་པར་གྲོལ་བར་འདོད་ཅིང་། དེ་ལ་གཅིག་ཤེས་ཀུན་གྲོལ་དུ་མིང་འདོགས་པ་ནི་ལོག་པར་རྟོག་པ་འབའ་ཞིག་ཡིན་ཏེ། སྤྱོད་འཇུག་ལས། སྣ་ཚོགས་རྐྱེན་ལས་སྐྱེས་པ་ཡི། །སྒྱུ་མ་དེ་ཡང་སྣ་ཚོགས་ཉིད། །རྐྱེན་གཅིག་གིས་ནི་ཀུན་ནུས་པ། །གང་ན་ཡང་ནི་ཡོད་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་

༄༅། །མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས། མ་བསླབ་པ་ལ་ཀུན་མཁྱེན་དུ། །འགྱུར་ན་རྒྱུ་འབྲས་ག་ལ་བདེན། །རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །ཞེས་གསུངས་པའི་ཕྱིར། དེ་ཡང་འཚང་རྒྱ་བ་ལ་རིག་པའི་གནས་ལྔ་ལ་མཁས་པར་བྱ་དགོས་ཤིང་། དེའི་བརྗོད་བྱ་བདེན་གཉིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་དགོས། དེ་མ་ཤེས་ན་སྟོང་ཉིད་དམ་བདག་མེད་ཀྱི་དོན་མི་ཤེས། དེ་མ་ཤེས་པར་བསྒོམ་ན་རྟག་ཆད་ཀྱི་གཡང་ལ་ལྷུང་བར་འགྱུར་ཏེ། ཀླུ་སྒྲུབ་ཀྱིས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡིས། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང་། སློབ་དཔོན་ཟླ་བ་གྲགས་པས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །བདེན་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་དང་། འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས། བསྒོམས་ན་ཐོས་པ་མི་དགོས་ཞེས། །བླུན་པོ་གོ་རྒྱ་ཆུང་རྣམས་སྨྲ། །ཐོས་པ་མེད་པའི་བསྒོམས་པ་དེ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །ཞེས་གསུངས་པའི་ཕྱིར། །དེས་ན་བཤད་ཉན་སྒོམ་སྒྲུབ་ལག་ལེན་གང་བྱེད་ཀྱང་སངས་རྒྱས་ཀྱི་གསུང་དང་མཐུན་པ་ཞིག་དགོས་ཏེ། ཆོས་ཀྱི་གནད་ལ་སངས་རྒྱས་ལས་མཁས་པ་འཇིག་རྟེན་གསུམ་ན་མེད་པའི་ཕྱིར་ཏེ། དེ་ཡང་མགོན་པོ་བྱམས་པས། གང་ཕྱིར་རྒྱལ་ལས་ཆེས་

མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེའི་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཉོན་མོངས་རྨོངས་བདག་རྣམས་ཀྱི་འཕགས་ལ་སྐུར་པ་དང་། །དེས་གསུང་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །ཞེས་དང་། སྡོམ་གསུམ་རབ་དབྱེ་ལས། རྫོགས་སངས་རྒྱས་ལས་མཁས་པ་ཡི། །གང་ཟག་འཇིག་རྟེན་གསུམ་ན་མེད། །དེས་ན་དེ་ཡིས་གསུངས་པ་ཡི། །མདོ་རྒྱུད་རྣམ་པར་དཀྲུག་མི་བྱ། །མདོ་རྒྱུད་དཀྲུགས་ན་ཆོས་སྤོངས་ཤིང་། །འཕགས་པ་རྣམས་ཀྱང་སྨད་འགྱུར་ཞེས། །མགོན་པོ་བྱམས་པས་རྒྱུད་བླར་གསུངས། །ཞེས་གསུངས་པའི་ཕྱིར། དེས་ན་བཤད་ཉན་བྱ་བའི་ཡུལ་གྱི་ཆོས་དེ་ཡང་སངས་རྒྱས་ཀྱིས་གསུངས་པ། སྡུད་པ་པོས་བསྡུས་པ། པཎྜི་ཏ་རྣམས་ཀྱིས་བཤད་པ། ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བ། མཁས་པ་རྣམས་ལ་གྲགས་ཤིང་གྲུབ་པ་ཞིག་དགོས་ཀྱི་དེ་ལས་གཞན་སྙན་བརྒྱུད་དང་ཚིག་བརྒྱུད་དུ་མིང་བཏགས་པའི་བླུན་པོ་མགོ་བསྐོར་གྱི་ཆོས་ལ་ཡིད་གཏོད་པར་མི་བྱ་སྟེ། སྡོམ་གསུམ་རབ་དབྱེ་ལས། གང་ཞིག་སངས་རྒྱས་བྱེད་འདོད་ན། །དེ་ཡིས་འདི་བཞིན་སྤྱད་པར་བྱ། །ཡང་ན་ཕ་རོལ་ཕྱིན་པ་ཡིས། །མདོ་ལས་ཇི་ལྟར་འབྱུང་བཞིན་གྱིས། །ཡང་ན་རྡོ་རྗེ་ཐེག་པ་ཡིས། །རྒྱུད་སྡེ་བཞིན་དུ་ཉམས་སུ་ལོང་། །འདི་གཉིས་མིན་པའི་ཐེག་ཆེན་ནི། །སངས་རྒྱས་རྣམས་ཀྱིས་གསུངས་པ་མེད། །ད་ལྟའི་ཆོས་པ་ཕལ་ཆེ་བ། །

༄༅། །བསླབ་པ་གསུམ་པོ་མི་སྦྱོང་བས། །ཕ་རོལ་ཕྱིན་པའི་ཆོས་ལུགས་མིན། །དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །འདུལ་བའི་སྡེ་སྣོད་མི་ཤེས་པ། །ཉན་ཐོས་ཀྱིའང་ཆོས་ལུགས་མིན༑ །འོན་ཀྱང་ཆོས་པར་ཁས་འཆེ་བ། །ཀྱེ་མ་གང་གི་བསྟན་པར་འགྱུར། །ཕ་མེད་པ་ཡི་བུ་མང་ཡང་། །རིགས་ཀྱི་ནང་དུ་ཚུད་མི་འགྱུར། །དེ་བཞིན་ཁུངས་ནས་མ་བྱུང་བའི། །ཆོས་པ་བསྟན་པའི་ནང་དུ་མིན། །དག་དུག་བསྡུས་པའི་གོས་ལ་ནི། །ཆེན་པོ་རྣམས་ཀྱིས་ཆས་མི་རུང་། །དེ་བཞིན་ཐུན་ཚགས་བསྡུས་པ་ཡི། །ཆོས་ཀྱིས་དད་ཅན་འཚང་མི་རྒྱ། །ཞེས་དང་། དེས་ན་སངས་རྒྱས་གསུང་རབ་དང་། །མཐུན་པའི་ཐོས་བསམ་བསྒོམ་པ་གསུམ། །བསམ་པ་དག་པས་སྒྲུབ་བྱེད་ན། །སངས་རྒྱས་བསྟན་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབ་པར་འདོད་པ་དག་གིས་དམ་པའི་ཆོས་སམ་དགེ་བ་བསྒྲུབ་པ་ལ་འབད་པར་བྱ་དགོས་ཏེ། སྐྱེས་བུ་དམ་པ་རྣམས་ཀྱིས་དམ་པའི་ཆོས་ལ་འབད་པས་ཚེ་རབས་གཏན་གྱི་འདུན་མ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་འགྲུབ་པར་མ་ཟད་ཚེ་འདིར་ཡང་བདེ་སྐྱིད་སྙན་གྲགས་གཞན་ལས་ཆེ་བ་མངོན་སུམ་དུ་མཐོང་ཞིང་ཆོམ་རྐུན་པ་སོགས་དམན་པ་རྣམས་ཀྱིས་མི་དགེ་བ་སྤྱད་པས་ཚེ་རབས་ཕྱི་མར་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་མྱོང་དགོས་པར་མ་ཟད་ཚེ་འདིར་ཡང་སྡུག་ཕོངས་གཏམ་ངན་གསུམ་དང་ལྡན་པར་མཐོང་བའི་ཕྱིར་ཏེ། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས་ལེགས་པར་བཤད་པ་རིན་པོ་ཆེའི་

གཏེར་ལས། བློ་ལྡན་ཚེ་འདིར་སྒྲུབ་ན་ཡང་། །ཆོས་ཀྱི་བསྒྲུབ་པ་ཤིན་ཏུ་བླ། །དམ་པ་རྣམས་དང་ཆོམ་རྐུན་པའི། །ཕུན་སུམ་ཚོགས་པའི་ཁྱད་པར་ལྟོས། །ཞེས་གསུངས་པའི་ཕྱིར། གནས་སྐབས་དང་མཐར་ཐུག་གི་ཕན་བདེར་མ་ཟད་ཚེ་འདིར་ནོར་ཙམ་བསྒྲུབས་པས་ཀྱང་ཆོས་མ་ཡིན་པ་ལ་བརྟེན་ནས་བསྒྲུབ་པ་བས་ཆོས་ལ་བརྟེན་ནས་བསྒྲུབ་པ་ཁེ་ཆེ་བ་ཡིན་ཏེ། ཡང་དེ་ཉིད་ལས། གང་ཞིག་ནོར་འདོད་སྐྱེ་བོས་ཀྱང་། །ཆོས་ཉིད་ཤིན་ཏུ་བསྲུང་བར་བྱ། །ཆོས་ལས་ཉམས་པའི་ནོར་ཙམ་གྱིས། །འཇིག་རྟེན་འདིར་ཡང་ག་ལ་དགའ། །ཞེས་གསུངས་པའི་ཕྱིར། དེས་ན་སྔོན་གྱི་དུས་ན་ཡང་ཆོས་བཞིན་བྱས་པ་རྣམས་ལ་ཕྲལ་ཡུན་གྱི་ཕན་བདེ་འབྱུང་བར་ཐོས་ལ། ད་ལྟར་གྱི་གནས་སྐབས་སུ་ཡང་དེ་ལྟར་མཐོང་བའི་ཕྱིར་ན་མ་འོངས་པ་ན་ཡང་དེ་བཞིན་དུ་འབྱུང་སྟེ། ཡང་དེ་ཉིད་ལས། སྔོན་ཡང་འདི་བཞིན་སྤྱད་རྣམས་བདེ། །ད་ལྟ་ན་ཡང་དེ་ལྟར་མཐོང་། །གཏན་ཚིགས་བཟང་པོ་འདི་ཡིས་ནི། །མ་འོངས་རྣམས་ཀྱང་ཕུན་ཚོགས་འགྲུབ། །ཅེས་གསུངས་པའི་ཕྱིར། དེས་ན་འདིར་ཡ་རབས་ཀྱི་འདུན་སར་གླེང་བར་འོས་པའི་གཏམ་ཆ་ཙམ་གླེང་བ་ལ་སྤྱིར་བསྐལ་པ་གང་ལ་སངས་རྒྱས་འབྱོན་ཚུལ། ཁྱད་པར་བསྐལ་པ་བཟང་པོའི་སངས་རྒྱས་འབྱོན་ཚུལ། ཁྱད་པར་མི་མཇེད་འཇིག་རྟེན་གྱི་ཁམས་སུ་སྟོན་པ་ཐུབ་པའི་དབང་པོ་བྱོན་ཚུལ། བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ། དེའི་རྗེས་སུ་བཀའ་བསྡུ་རིམ་པ་གསུམ་བྱུང་ཚུལ། ཞལ་བྱུང་གི་ཚུལ་དུ་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་སོགས་བཤད་པ། བསྡུས་པའི་བསྟན་པ་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་པཎ་གྲུབ་རྣམས་

༄༅། །ཀྱིས་ཇི་ལྟར་བསྐྱང་བའི་ཚུལ། །བསྟན་པ་དེ་ཉིད་གངས་རིའི་ལྗོངས་འདིར་ལོ་པཎ་རྣམས་ཀྱིས་ཇི་ལྟར་བསྒྱུར་བའི་ཚུལ། དེ་ལ་བོད་ཀྱི་ཆོས་རྒྱལ་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་སྲི་ཞུ་ཇི་ལྟར་མཛད་པའི་ཚུལ། མཁས་པ་རྣམས་ཀྱིས་བཤད་ཉན་གྱི་ཇི་ལྟར་གཏན་ལ་ཕབ་པའི་ཚུལ། དེ་དག་གི་ནང་ནས་ས་སྐྱ་པའི་ལྟ་གྲུབ་ཁྱད་པར་དུ་འཕགས་ཚུལ། མཐར་བཀྲ་ཤིས་དང་དགེ་ལེགས་ཇི་ལྟར་བྱུང་བའི་ཚུལ་དང་བཅུ་གཉིས་ལས།
