རྟ་ནག་ཆོས་འབྱུང་།
༡. ཉན་ཐོས་ཀྱི་ལུགས།
(༡. ཉན་ཐོས་ཀྱི་ལུགས།)
དང་པོ་ནི། སྟོན་པ་དགུང་ལོ་བརྒྱད་ཅུ་བཞེས་པ་ན་གྲོང་ཁྱེར་རྩྭ་ཅན་གྱི་ཤིང་སཱ་ལ་ཐུང་གཅིག་གི་དྲུང་དུ་མྱ་ངན་ལས་འདས་ནས་སྐུ་གདུང་ཆ་བརྒྱད་དུ་བགོས་ཏེ་སོ་སོ་ལ་བྱིན་ནས་རང་རང་གི་ཡུལ་དུ་མཆོད་རྟེན་བརྩིགས་ཏེ་མཆོད་པ་དང་དུས་སྟོན་བྱས། སྐུ་གདུང་བཅུག་པའི་བུམ་པ་བྲམ་ཟེ་བྲེ་བོ་དང་མཉམ་པས་འཁྱེར་ནས་
༄༅། །རང་གི་ཡུལ་དུ་མཆོད་རྟེན་བརྩིགས། གདུང་གི་གསོལ་བ་ནྱ་གྲོདྷཱ་སྐྱེས་ལ་བྱིན་པས་རང་གི་ཡུལ་དུ་འཁྱེར་ནས་མཆོད་རྟེན་བརྩིགས། ཚེམས་མཆེ་བ་བཞི་ལའང་མཆོད་རྟེན་རེ་རེ་བརྩིགས་ཏེ་སྐུ་གདུང་གི་མཆོད་རྟེན་བཅུ་བཞི་བྱུང་བ་ཡིན་ཏེ། འདུལ་བ་ལུང་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་ཛམྦཱུ་གླིང་པས་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡིས་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡིས་མཆེ་བ་བཞི་དག་ལས༑ །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱས་པའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡིས་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་གསུངས་པའི་ཕྱིར། དེ་ལྟར་སྐུ་གདུང་གི་མཆོད་རྟེན་ལ་སོགས་པ་གྲུབ་ནས་ཤཱ་རིའི་བུ་འཁོར་བརྒྱད་ཁྲི། མཽངྒལ་གྱི་བུ་བདུན་ཁྲི། སྟོན་པ་འཁོར་བརྒྱད་སྟོང་དང་བཅས་པ་འདས་པས་ཚེ་བསྐལ་པ་མང་པོར་ཐུབ་པའི་ལྷ་རྣམས་ཀྱི་སྟོན་པའི་གསུང་རབ་ནི་དུད་པ་ཙམ་དུ་གྱུར་ཏེ་དགེ་སློང་དབང་ཡོད་པ་དག་ཀྱང་འདས་པས་སྡེ་སྣོད་གསུམ་གྱི་སྒྲ་མི་གྲག་གོ་ཞེས་འཕགས་པ་བསལ་བའི་ཕྱིར་དུ་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་དེའི་ལོ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་ནས་རྒྱལ་པོའི་ཁབ་ཀྱི་ནགས་བྲྀ་ཛིའི་ལྗོངས་སུ་འོད་སྲུངས༑ ཉེ་བ་འཁོར། ཀུན་དགའ་བོ་གསུམ་གྱིས་གཙོ་བྱས་པའི་དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་བ་དང་པོ་མཛད། དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པའི་དུས་རྒྱལ་པོ་དྷརྨྨ་ཨ་ཤོ་ཀའམ་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་

མཛད་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་མི་རུང་བའི་བཞི་བཅུ་སུན་དབྱུང་ནས་བསྡུ་བ་གཉིས་པ་མཛད། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ན་ལྡེ་པ་བཅོ་བརྒྱད་ཕན་ཚུན་བསྟན་པ་རྣམ་དག་ཡིན་མིན་རྩོད་པས་འཁྲུག་ལོང་ཆེན་པོ་བྱུང་བ་ལ་རྒྱལ་པོ་ཀྲྀ་ཀའི་རྨི་ལམ་ལུང་བསྟན་པའི་མདོ་དྲང་ནས་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབ་པ་དང་། དགེ་སློང་ལྷ་ཆེན་པོས་ཆོས་ལོག་སྣ་ཚོགས་བསྟན་པ་རྣམས་སུན་དབྱུང་བའི་ཆེད་དུ་དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་སྟེ་ཁྲི་བདུན་སྟོང་གི་རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་བསྡུ་བ་གསུམ་པ་མཛད་པ་ཡིན་ཏེ། སྡོམ་གསུམ་རབ་དབྱེ་ལས། སངས་རྒྱས་གསུང་རབ་དྲི་མ་མེད། །བསྡུ་བ་དང་པོ་བྱས་པའི་རྗེས། །བསྟན་པ་དག་པར་གནས་པ་ན། །ཡངས་པ་ཅན་གྱི་དགེ་སློང་གིས། །སངས་རྒྱས་བསྟན་དང་འགལ་བ་ཡི། །མི་རུང་བ་ཡི་བཞི་བཅུ་བྱས། །དེ་ནས་འཕགས་པ་བདུན་བརྒྱ་ཡིས། །ཆོས་ལོག་ལེགས་པར་སུན་དབྱུང་ཕྱིར། །བསྡུ་བ་གཉིས་པ་མཛད་ཅེས་གྲགས། །དེ་ལྟར་དག་པར་བྱས་པའི་རྗེས། །ལྷ་ཆེན་ཞེས་བྱའི་དགེ་སློང་ཞིག །བསྟན་པ་འདི་ཡི་ཆོམ་རྐུན་བྱུང་། །དེ་ཡིས་རང་གི་ཕ་མ་བསད། །སློབ་དཔོན་ཡིན་པའི་དགྲ་བཅོམ་བཀྲོངས། །མཁན་སློབ་མེད་པའི་དགེ་སློང་བྱས། །ཕྱིས་ནས་དགོན་པར་བསྡད་ནས་ནི། །སྦྱིན་བདག་རྣམས་ཀྱི་དད་རྫས་ཟོས། །བླུན་པོ་རྣམས་ཀྱི་མཁན་སློབ་བྱས། །བླུན་པོ་ལོངས་སྤྱོད་ཅན་རྣམས་ཀྱིས། །ཕུལ་བའི་ཟས་

༄༅། །ནོར་ཆར་བཞིན་བབས། །སྐལ་མེད་དད་ཅན་འདུས་པ་ཡིས། །དགེ་འདུན་འབུམ་ཕྲག་དུ་མས་བསྐོར། །དེ་ནས་རྫུན་རླབས་ཆེན་པོ་དེས། །དགྲ་བཅོམ་ཡིན་པར་ཁས་བླངས་སོ། །འཁོར་གྱིས་རྫུ་འཕྲུལ་ཞུས་པ་ན༑ །རྫུ་འཕྲུལ་ཐོ་རངས་ཉམས་ཞེས་ཟེར། །རང་གི་སྡིག་རྣམས་དྲན་པ་ཡིས། །སྨྲེ་སྔགས་ཆེན་པོ་སྟོན་པ་ལ། །སྡུག་བསྔལ་བདེན་པ་བོས་ཞེས་བསྒྲགས། །དེ་ལ་སོགས་པའི་རྫུན་ཚིག་གིས། །ཚོགས་པ་རྣམས་ཀྱི་མགོ་བོ་བསྐོར། །འཕགས་པ་རྣམས་ལ་འབུལ་རྒྱུ་ཡིས། །དད་རྫས་རྣམས་ཀྱང་དེ་ལ་འགྱུར། །རབ་བྱུང་བླུན་པོ་ཕལ་ཆེར་གྱིས། །དགྲ་བཅོམ་བོར་ནས་དེ་ལ་འདུད། །སངས་རྒྱས་མྱ་ངན་འདས་འོག་ཏུ། །སོ་སོའི་སྐྱེ་བོས་འཁོར་བསྡུས་པ། །དེ་ལས་མང་བ་མེད་ཅེས་གྲགས༑ །དེ་ཡིས་ཆོས་ལོག་བཤད་པ་ཡིས། །རྗེས་སུ་སློབ་མ་རྣམས་འབྲངས་ནས། །འཁྲུལ་པའི་གྲུབ་མཐའ་དུ་མ་བྱུང་། །ལྷ་ཆེན་བླུན་པོ་དེ་ཤི་ནས། །སེམས་ཅན་དམྱལ་བར་གྱུར་ཞེས་གྲགས། །དེ་ཡིས་ལོག་པའི་ཆོས་དེ་དག །དགྲ་བཅོམ་རྣམས་ཀྱིས་སུན་དབྱུང་ནས། །བསྡུ་བ་གསུམ་པ་བྱས་ཞེས་ཐོས། །ཞེས་གསུངས་པའི་ཕྱིར། འོ་ན་ཉན་ཐོས་རྩ་བའི་སྡེ་པ་བཞི་ལ་མི་འདྲ་བ་བཞི་ཡོད་ཅིང་། །དེ་སྐད་རིགས་བཞིས་འདོན་དགོས་པ་བདེན་ན་སྡེ་པ་བཅོ་བརྒྱད་ཐམས་ཅད་སངས་རྒྱས་ཞལ་བཞུགས་པའི་དུས་ནས་ཡོད་དགོས་པར་འགྱུར་ལ། དེ་ལྟར་ན་དེ་དག་བསྟན་པ་རྣམ་དག་ཡིན་མིན་གྱི་རྩོད་པ་འབྱུང་བར་མི་རིགས་སོ་ཞེ་ན། བསྡུ་བ་གཉིས་པ་ཡན་ཆད་དུ་ནི་སྡེ་པ་ཐ་དད་དུ་གྱེས་པ་མེད་ལ། བསྡུ་བ་གཉིས་པ་མཛད་ནས་རིང་ཞིག་

སྡེ་པ་ཐ་དད་དུ་གྱེས་པར་མངོན་ལ། དེ་ཡང་སློབ་དཔོན་ཤཱཀྱ་འོད་ཀྱིས་ནི་འདུལ་བ་འོད་ལྡན་ལས། སྔོན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་གཅིག་བུ་ཡིན་པ་ལས། ཕྱིས་དེ་ལས་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་གྱེས་པར་བཤད་ལ། སློབ་དཔོན་ལེགས་ལྡན་བྱེད་ཀྱི་རྟོག་གེ་འབར་བ་ལས་ལུགས་གཉིས་བཤད་པའི་ཕྱི་མ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སོ་བདུན་ན་གྲོང་ཁྱེར་པ་ཏྲ་ལི་པུ་ཏྲ་ར་རྒྱལ་པོ་དགའ་བོ་དང་པད་ཆེན་གྱི་དུས་སུ་བདུད་སྡིག་ཅན་བཟང་པོ་ཞེས་བྱ་བས་དགེ་སློང་གི་ཆ་བྱད་དུ་སྤྲུལ་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་པས་དགེ་འདུན་བྱེ་སྟེ་གནས་བརྟན་ཀླུ་དང་། ཡིད་བརྟན་ཞེས་པ་གཉིས་ལས་རྩ་བའི་སྡེ་པ་ཕལ་ཆེན་པོ་དང་། གནས་བརྟན་པ་གཉིས་སུ་གྱེས་ནས་ལོ་དྲུག་ཅུ་རྩ་གསུམ་དུ་མ་འདུམ་པ་འཁྲུག་ལོང་དུ་གྱུར། ལོ་བརྒྱ་ཕྲག་གཉིས་པ་འདས་ནས་གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་པ་ན་དེ་གཉིས་ལས་སྡེ་པ་བཅོ་བརྒྱད་གྱེས་པར་བཤད་པས་དགེ་འདུན་ཕལ་ཆེན་པ་ལ་ཐ་སྙད་པ་དང་བ་ལང་གནས་པ་གཉིས་སུ་གྱེས་པའི་ནང་ཚན་མཆོད་རྟེན་རི་པར་གྲགས་པའི་ཀུན་ཏུ་རྒྱུ་ལྷ་ཆེན་པོ་ཞེས་གྲགས་པ་དེས་ཆོས་ལོག་སྣ་ཚོགས་བསྟན་པ་ན། སྡེ་པ་བཅོ་བརྒྱད་བསྟན་པ་རྣམ་དག་ཡིན་མིན་གྱི་རྩོད་པ་ཆེན་པོ་བྱུང་བ་ཞི་བ་དང་། ལྷ་ཆེན་གྱི་ཆོས་ལོག་སུན་དབྱུང་བའི་ཆེད་དུ་བསྡུ་བ་གསུམ་པ་མཛད་སྐབས་སྡེ་པ་བཞི་སོ་སོ་ལ་ལུང་སྡེ་བཞི་རྩ་བའི་མདོ་སོ་སོ་ཐར་པ་དང་བཅས་པ་རིགས་མི་འདྲ་བ་བཞི་སོ་སོར་བསྡུས། དེ་སྐད་རིགས་བཞིས་འདོན་པའི་རྣམ་གཞག་མཛད་པ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞུ་ཕྲིན་ལས། ཁྱོད་ཀྱིས་འདུལ་

༄༅། །བའི་སྡེ་སྣོད་ལས། །བསྡུ་མཛད་ཕྱི་མས་སྡེ་པ་བཞི། །སྐད་རིགས་རྣམ་པ་བཞིས་དབང་གིས། །འདུལ་བ་ལུང་རྣམས་སྡེ་བཞིར་བསྡུས། །ཞེས་གསུངས་པའི་ཕྱིར། དེས་ན་རྟོག་གེ་འབར་བར་བཤད་པའི་བདུད་སྡིག་ཅན་བཟང་པོ་དང་དགེ་སློང་ལྷ་ཆེན་པོ་གཉིས་གཅིག་ཡིན་པར་ལུང་རིགས་གཏེར་མཛོད་དུ་བཤད་པ་ཡང་ལེགས་བར་བཤད་པ་ཡིན་ཞེས་སྨྲས་ཀྱང་སྐྱོན་ཆེན་པོ་མེད་མོད། འོན་ཀྱང་རབ་དབྱེ་ནས་བཤད་པའི་ལྷ་ཆེན་པོ་དེ་བ་ལང་གནས་པའི་ནང་ཆན་ཀུན་ཏུ་རྒྱུ་ལྷ་ཆེན་པོ། ཞེས་བྱ་བ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་ཅན་གྱི་རི་ལ་གནས་པས། དེའི་རྒྱུན་ལ་མཆོད་རྟེན་རི་པར་བཞག་ཅེས་བཤད་པ་དེ་ཡིན་པ་འདྲ་བས་དཔྱད་པར་བྱའོ། །ལུང་རིགས་གཏེར་མཛོད་དུ་བཤད་པ་དེ་ལ་དཔའ་བོ་གཙུག་ལག་ཕྲེང་བས་དེ་མི་འཐད་དེ། བདུད་སྡིག་ཅན་བཟང་པོས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་བསྟན་པ་དཀྲུག་པར་བཤད་ལ། ལྷ་ཆེན་པོ་རྫུ་འཕྲུལ་མེད་པར། རྫུ་འཕྲུལ་ཐོ་རངས་ཉམས་ཞེས་ཟེར། །ཞེས་པས་གྲུབ་པས་སོ། །ཞེས་བཤད་ཀྱང་འབྲེལ་ཡོད་པར་མ་མཐོང་སྟེ། རྫུ་འཕྲུལ་ཉམས་རྒྱུ་ཞིག་བྱུང་བས་སྔོན་རྫུ་འཕྲུལ་ཡོད་པར་གྲུབ་ལ། མེད་པ་ལ་རི་བོང་གི་རྭ་བཞིན་དུ་ཉམས་པའི་ཐ་སྙད་མི་འབྱུང་བའི་ཕྱིར་རོ། །
