རྟ་ནག་ཆོས་འབྱུང་།
༢. མུ་སྟེགས་རྟོག་གེ་པ།
(༢. མུ་སྟེགས་རྟོག་གེ་པ།)
གཉིས་པ་ནི། རྩ་རྒྱུད་ལས༑ སྐྱེས་བུ་མངོན་རབ་དབང་ཕྱུག་དང་། །བདག་དང་གཡོ་བ་སེམས་ཅན་དང་། །དུས་དང་གང་ཟག་ཅེས་བྱ་བ། །ཞེས་པ་ལ་བརྟེན་ནས་གྲངས་ཅན་པ། རིག་བྱེད་པ། གཟེགས་ཟན་པ། དུས་རྒྱུར་སྨྲ་བ། གང་ཟག་རྒྱུར་སྨྲ་བ་དང་ལྔར་བཤད་པ་དང་། ཡང་སློབ་དཔོན་མཻ་ཏྲི་པས་དོ་ཧའི་འགྲེལ་པར། ཚངས་པ་པ། དབང་ཕྱུག་པ། གཅེར་བུ་པ། རྒྱང་འཕེན་པ། གྲངས་ཅན་པ་དང་ལྔར་བཤད་པ་དང་། སློབ་དཔོན་ཀཱ་མ་ལ་ཤཱི་ལས་རིགས་ཐིག་གྱི་ཕྱོགས་སྔར། ཕུར་བུ་པ། གྲངས་ཅན་པ། རིགས་པ་ཅན་པ། རྒྱལ་དཔོགས་པ། ཙ་ར་ཀ་པ་དང་ལྔར་བཤད་པ་དང་། སྐྱེས་རབས་ལས། རྒྱུ་མེད་དུ་སྨྲ་བ། དབང་ཕྱུག་རྒྱུར་སྨྲ་བ། ལས་རྒྱུར་སྨྲ་བ། ཆད་པར་སྨྲ་བ། རྒྱལ་རིགས་གཞུང་དུ་སྨྲ་བ་དང་ལྔར་བཤད་
པ་དང་། ཨཱཪྱ་དེ་བས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ཡོན་ཏན་ཅན་དང་། གྲངས་ཅན་དང་། ཚངས་པ་དང་གསུམ་དུ་བཤད་པ་དང་། རྟོག་གེ་འབར་བ་ལས། གྲངས་ཅན་པ། བྱེ་བྲག་པ། རིག་བྱེད་ཀྱི་མཐའ་གསང་བ་པ། སྤྱོད་པ་ཅན་དང་གཅེར་བུ་པ་དང་ལྔར་བཤད་པ་དང་། དུས་འཁོར་ལས། ཚངས་པ་པ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱང་འཕེན་པ། གྲངས་ཅན་པ་དང་དྲུག་ཏུ་བཤད་པ་སོགས་དུ་མ་ཞིག་འབྱུང་ཡང་། འདིར་གྲངས་ཅན་པ། རིག་བྱེད་པ། འུག་ཕྲུག་པ། ཟད་བྱེད་པ། ཚུ་རོལ་མཛེས་པ་པ་དང་ལྔར་ཡོད་ཅིང་། སྔ་མ་གསུམ་གྱིས་རིག་བྱེད་ཚད་མར་འཛིན། ཕྱི་མ་གཉིས་ཀྱིས་རིག་བྱེད་ཚད་མར་མི་འཛིན། སྔ་མ་གསུམ་ལ་ཡང་གྲངས་ཅན་པ་དང་། འུག་ཕྲུག་པས་རིག་བྱེད་སྟོན་པའི་དྲང་སྲོང་ཚད་མར་བྱེད། རིག་བྱེད་པས་རིག་བྱེད་ཀྱི་བསྟན་བཅོས་ཉིད་ཚད་མར་བྱེད། བདག་ཡོད་པར་ནི་ཐམས་ཅད་མཐུན། ནང་གསེས་ཀྱི་ལྟ་གྲུབ་ལ་མི་མཐུན་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ལ། དང་པོ་བཞི་ལ་མུ་སྟེགས་རྟག་ལྟ་བ་ཟེར། ཕྱི་མ་ལ་ཆད་ལྟ་བ་ཟེར། སློབ་དཔོན་ཙཎྜ་ཧ་རིས་དབུ་མ་རིན་པོ་ཆེའི་ཕྲེང་བ་ལས། རྒྱང་འཕེན་སྤྱོད་པ་གྲངས་ཅན་དང་། །རྒྱང་འཕེན་སྐྱོང་བ་གྲངས་ཅན་དང་། །བྱེ་བྲག་གཅེར་བུ་སངས་རྒྱས་པ། །བསྟན་བཅོས་དེ་དྲུག་ཡིན་ཞེས་བཤད། །ཅེས་དང་། མཁས་འཇུག་ལས། མུ་སྟེགས་བྱེད་ལ་རྟོག་གེ་ལྔ། །གྲངས་ཅན་རིག་བྱེད་འུག་ཕྲུག་པ། །ཟད་བྱེད་ཚུ་རོལ་མཛེས་པ་བ། །སྔ་མ་གསུམ་པོ་རིག་བྱེད་འཛིན། །ཕྱི་མ་གཉིས་པོ་རིག་བྱེད་འདོར། །བདག་ཡོད་པར་ནི་ཐམས་ཅད་མཐུན། །ལྟ་བའི་

༄༅། །བྱེ་བྲག་གཞན་མི་འདྲ། །ཞེས་གསུངས་པའི་ཕྱིར། དེ་ཡང་གྲངས་ཅན་པ། སེར་སྐྱ་པ། རང་སྐྱེས་པ། སུམ་ཅུ་པ། ཡོན་ཏན་གསུམ་པ། གཙོ་བོ་པ། ཞེས་པ་རྣམས་ནི་མིང་གི་རྣམ་གྲངས་ཏེ། ཤེས་བྱ་ཉི་ཤུ་རྩ་ལྔར་གྲངས་ངེས་པར་ནན་གྱིས་སྒྲུབ་པ་དང་། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲང་བ་དང་། དངོས་པོ་རྣམས་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་བར་འདོད་པ་དང་། གཞུང་ལུགས་སུམ་ཅུ་པ་ཞེས་བྱ་བ་མཆོག་ཏུ་འཛིན་ཅིང་བདག་གི་རྣམ་གྲངས་སུམ་ཅུ་འདོད་པ་དང་། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པ་རང་བཞིན་དང་། མི་མཉམ་པ་རྣམ་འགྱུར་དུ་འདོད་པ་དང་། ད་ལྟར་གྱི་སྣང་བ་འདི་ཐམས་ཅད་གཙོ་བོས་བྱས་ཤིང་དེའི་རང་བཞིན་དུ་གནས་པར་འདོད་པས་དེ་དང་དེར་མིང་བཏགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་སྐྱེ་རྒུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་དཀའ་ཐུབ་ཙམ་གྱིས་རྣམ་པར་གྲོལ་བར་རློམ་པའི་དྲང་སྲོང་སེར་སྐྱ་ཞེས་བྱ་བ་བྱུང་སྟེ། དེས་བསྟན་བཅོས་མང་དུ་བརྩམས་ཤིང་། དེའི་གྲུབ་མཐའ་འཛིན་པ་བྷ་ར་དྷཱ་ཛ་དང་། ཆུ་ཀླུང་གི་བུ་གཉིས་ལས། དང་པོས་ཤེས་བྱ་ལ་ཉི་ཤུ་རྩ་ལྔར་གྲངས་ངེས་པར་འདོད་པ་ལ་གྲངས་ཅན་པ་དང་། གཉིས་པ་ཉི་ཤུ་རྩ་ལྔ་པོའི་རང་བཞིན་སྟོང་པར་འདོད་པ་ལ་སེར་སྐྱ་པར་བྱས་པ་ཡིན་ཞེས་བཤད་པའང་ཡོད་དེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། གྲངས་ཅན་པ་རྣམས་ཡོན་ཏན་སྨྲ། སེར་སྐྱ་པ་རྣམས་སྟོང་པར་འདོད། །ཅེས་དང་། གྲུབ་ཆེན་དམན་པའི་ཞབས་ཀྱིས། བདག་གི་རྣམ་གྲངས་སུམ་ཅུ་ལས། །དུས་ལས་བྱུང་བ་དང་། འདོད་རྒྱལ་དང་། གནམ་

གྱིས་བསྐོས་པ་དང་། གྱིན་བཞི་ནི་གྲངས་ཅན་གྱི་འདོད་པ་ཡིན་ནོ། །རྣལ་འབྱོར་དང་། ཚད་མ་དང་། དག་པ་དང་། མ་དག་པ་བཞི་ནི་སེར་སྐྱའི་འདོད་པ་ཡིན་ནོ། །ཞེས་ཐ་དད་དུ་བཤད་པ་དང་། འདུལ་བ་འོད་ལྡན་ལས་གང་དག་གྲངས་ཅན་དང་སེར་སྐྱ་ལ་སོགས་པའི་བསྟན་བཅོས་དེ་ཁོ་ན་ཉིད་ཡིན་པའི་བློས་འདོན་པ་དེ་དག་ལ་ནི་ཡུལ་འཁོར་གྱི་བསོད་སྙོམས་དུག་ཏུ་འགྱུར་རོ། །ཞེས་སོ་སོར་གསུངས་པའི་ཕྱིར། དེ་ཡང་གྲངས་ཅན་སྤྱི་དང་། སེར་སྐྱ་དེའི་བྱེ་བྲག་ལྟ་བུ་སྟེ། མངའ་ཞབས་སྤྱི་དང་དྲུང་སྐོར་ལྟ་བུའོ་ཞེས་མཁས་པ་དག་ཟེར་རོ། །
