རྟ་ནག་ཆོས་འབྱུང་།
ལྔ་པ། ཚུ་རོལ་མཛེས་པ་པ།
(ལྔ་པ། ཚུ་རོལ་མཛེས་པ་པ།)
ལྔ་པ་ཚུ་རོལ་མཛེས་པ་པ་ནི་རྒྱང་འཕེན་པ་སྟེ། དེ་ཡང་ཤི་བའི་ཚེ་བདག་རྒྱུན་ཆད་པར་འདོད་པས་ཆད་པར་སྨྲ་བ་དང་། ཚེ་འདི་ལ་གང་ལེགས་སྒྲུབ་པས་ཆོག་པར་འདོད་པས་ཚུ་རོལ་མཛེས་པ་བ་དང་། འཇིག་རྟེན་ཕ་རོལ་རྒྱང་རིང་དུ་དོར་བའམ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་རྒྱང་རིང་དུ་སོང་བས་འཇིག་རྟེན་རྒྱང་འཕེན་པ་དང་། སྐྱེ་བ་སྔ་ཕྱི་སོགས་མེད་པར་འདོད་པས་མེད་པར་ལྟ་བ་པ་དང་། དྲང་སྲོང་ཆེན་པོ་ལྷའི་བླ་མ་ལ་སྟོན་པར་འཛིན་པས་ཕུར་བུ་པ་དང་། དྲང་སྲོང་ཕུར་བུས་ལྷ་མ་ཡིན་གྱི་དམག་ཚོགས་སུམ་ཅུ་རྩ་གསུམ་དུ་བྱུང་བ་ན་ལྷ་རྣམས་ལས་རྒྱུ་འབྲས་ལ་འཛེམ་ནས་ཁྲོ་བ་ཞན་པ་ན། ལྷ་རྣམས་ཁྲོ་ཞིང་འཁྲུག་པ་ལས་རྒྱལ་བའི་ཕྱིར་དྲང་སྲོང་ཕུར་བུ་ལྷའི་བླ་མར་གྲགས་པ་དེས་སྐྱེ་བ་སྔ་ཕྱི་ལས་རྒྱུ་འབྲས། ཐར་པ་དང་གྲོལ་བ་སོགས་མེད་པར་སྟོན་པའི་བསྟན་བཅོས་ལྟ་བའི་སྙིང་པོ་ཞེས་བྱ་བ་བྱས། དེ་ནས་རིམ་གྱིས་འཕེལ་ཏེ་མི་ཡུལ་དུ་བབས་པ་ལས་དྲང་སྲོང་འཇིག་རྟེན་མིག་གིས་དེ་ནས་བཏུས་ཏེ་བརྩམས་པས་རྩ་བ་དང་། དྲང་སྲོང་འཇུག་སྟོབས་ཀྱིས་དེའི་འགྲེལ་པ་བྱས་ནས་འཕེལ་བར་བཤད་དེ། དེ་ཉིད་ལས། བཟང་མོ་མ་ཤིའི་བར་དུ་དགའ་མགུར་སྤྱོད། །ཤི་ནས་དེ་ཡི་སྤྱོད་པ་ཡུལ་མ་ཡིན། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །ཅེས་ཚེ་སྔ་ཕྱི་མེད་པ་དང་། །ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་
༄༅། །སྤྱང་ཀིའི་རྗེས་དང་མཚུངས། །ཞེས་མིག་གི་མཐོང་བ་ལས་གཞན་པའི་སེམས་ཅན་མེད་ཅིང་། རང་གི་བུ་མོ་ལ་བགྲོད་པར་འདོད་ནས་གཞུང་ལུགས་ཐམས་ཅད་སྐུར་པ་འདེབས་པ། བློ་ནི་ལུས་ཀྱི་བདག་ཉིད་དང་། །ལུས་འབྲས་ལུས་ཀྱི་ཡོན་ཏན་དང་། །འདི་ལྟར་ལུགས་གསུམ་ལ་བརྟེན་པ། །གོམས་པ་སྲིད་པ་ཡོད་མ་ཡིན། །ཞེས་ལུས་སེམས་རྫས་གཅིག་ཅིང་སྐྱེ་བ་སྔ་ཕྱི་མེད་པས་ཡུན་རིང་པོར་གོམས་པའི་སངས་རྒྱས་མེད་པ་དང་། སྒྲོ་བཏགས་འཛིན་ཕྱིར་ཚད་མ་མིན༏ །ཞེས་རྗེས་དཔག་ཚད་མ་མ་ཡིན་པ་དང་། པདྨོའི་གེ་སར་སུ་ཡིས་བྱས། །རྨ་བྱའི་རི་མོ་སུ་ཡིས་བྲིས། །ཚེར་མ་རྣོ་བ་སུ་ཡིས་བརྡར། །ཐམས་ཅད་རྒྱུ་མེད་ངོ་བོས་བྱུང་། །ཞེས་དང་། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། །ཞེས་ངོ་བོ་ཉིད་རྒྱུར་སྨྲ་བས་སྤང་ལ་ཤ་མོ་ལྟར་སྐྱེ་བ་འཕྲལ་འབྱུང་དུ་འདོད་ཅིང་། བདག་དང་བདེ་སྡུག་མ་ཤི་བར་དུ་ཡོད་ལ་ཤི་ནས་རྒྱུན་ཆད་པར་འདོད་དོ། །དེ་ཉིད་ལ་ཆད་ལྟ་བ་ཞེས་བྱ་སྟེ། ལས་རྒྱུ་འབྲས་མི་བདེན་ཞིང་སྐྱེ་བ་སྔ་ཕྱི་མེད་པར་འདོད་པའི་ཕྱིར་རོ། །དེ་ལྟར་ན་ཕྱི་རོལ་མུ་སྟེགས་བྱེད་ལ་ལྟ་བ་ལོག་པ་བསམ་གྱིས་མི་ཁྱབ་ཀྱང་རིགས་བསྡུ་ན་རྟག་པར་ལྟ་བ། ཆད་པར་ལྟ་བ། གཉིས་ཀ་ལྟ་བའི་མུ་གསུམ་ལ་བརྒྱ་ཉི་ཤུ་ཉི་ཤུ་སྟེ་སུམ་བརྒྱ་དྲུ་ཅུ་དང་། དེ་ཡང་བསྡུ་ན་དྲུག་ཅུ་རྩ་གཉིས་སུ་འདུས་ཏེ། མདོ་སྡུད་པ་ལས། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །ཞེས་གསུངས་

པའི་ཕྱིར། རྒྱས་པར་ནི་མདོ་སྡེ་ཚངས་པའི་དྲ་བ་དང་། ཡེ་ཤེས་རྒྱས་པའི་མདོར་འབྱུང་ངོ་། །
