རྟ་ནག་ཆོས་འབྱུང་།

༢. དབུ་མ་གཞན་སྟོང་པ།

上一章
下一章

(༢. དབུ་མ་གཞན་སྟོང་པ།)

གཉིས་པ་ནི་དོན་དམ་བདེན་པ་རང་གི་ངོ་བོའི་སྒོ་ནས་མི་སྟོང་ཞིང་། ཀུན་རྫོབ་ཆོས་གཞན་ལ་ལྟོས་

28b

ནས་སྟོང་པར་འདོད་པས་ན་དེ་སྐད་ཅེས་བྱ་ལ། གཞན་སྟོང་གི་སྒྲུབ་བྱེད་དུ་རྒྱུད་བླ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་ལ། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་འདྲེན་ཡང་གཏན་མ་འབྲེལ་ཞིང་། གཞན་སྟོང་གི་འདོད་ཚུལ་ལ། ཀླུ་སྒྲུབ་གྱི་རིག་པ་དྲུག་ཅུ་པ་ལས། སྐྱེ་དང་གནས་དང་འཇིག་པ་དང་། །མ་གྲུབ་ཕྱིར་ན་འདུས་བྱས་མིན། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་པས་ཤིན་ཏུ་གནོད་པས་དབུ་མ་པར་མི་འཐད། རྣམ་བརྫུན་པ་ལ་དབུ་མ་པར་མིང་བཏགས་པ་ཙམ་ཡིན་ཏེ། དྲི་ལན་དོན་བསྡུ་ལས། རྣལ་འབྱོར་སྤྱོད་གཞུང་གྲུབ་མཐའི་རྩེར་འདོད་ན། །དེ་རྗེས་དེ་བྱས་དབེན་པའི་དབུ་མ་ཡིས། །བཀྲིས་ཕྱིར་སྟོན་པས་གདུལ་བྱ་བསླུ་བའམ། །ཡང་ན་གོ་རིམས་ཙམ་ལ་རྨོངས་པར་འགྱུར། །ཞེས་གསུངས་པའི་ཕྱིར། སྲོལ་དེ་འཕགས་ཡུལ་དུ་སློབ་དཔོན་ཤཱནྟི་པས་བཟུང་ལ། བོད་དུ་ནི་ཀུན་མཁྱེན་དོལ་པོ་སངས་རྒྱས་སམ་མཚན་དངོས་ཤེས་རབ་རྒྱལ་མཚན་དུ་གྲགས་པས་ཐོག་མར་སྲོལ་ཕྱེ་ལ། དུས་ཕྱིས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱིས་སྲོལ་དེ་གཅེས་པར་བསྐྱངས་པ་ཡིན་ནོ། །དབུ་མ་པའི་གྲུབ་མཐའ་ནི། ཤེས་བྱ་ཐམས་ཅད་ཀུན་རྫོབ་ཏུ་ཡོད་སྙམ་དང་། དོན་དམ་བུ་མེད་མཉམ་དུ་འདོད་པ་ཡིན་ཏེ། འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །བདེན་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་དང་། མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ངོ་

29a

༄༅།       །ཞེས་གསུངས་པ། །གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཡིན། །ཞེས་དང་། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག །དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །ཞེས་གསུངས་པའི་ཕྱིར། འོན་ཀྱང་དབུ་མ་ཐལ་འགྱུར་བས་ཤེས་བྱ་ཡིན་ན། ཡོད་པས་མ་ཁྱབ་ཅིང་། ཀུན་རྫོབ་ཏུ་ཡོད་ན་ཡོད་པས་མ་ཁྱབ། ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་ཅེས་ཁས་ལེན་ཏོ། །