རྟ་ནག་ཆོས་འབྱུང་།

རྣལ་འབྱོར་རྒྱུད།

上一章
下一章

(རྣལ་འབྱོར་རྒྱུད།)

ནང་ཏིང་ངེ་འཛིན་གཙོ་བོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་ལ། དེ་ལ་དབྱེ་ན་རྩ་རྒྱུད། བཤད་རྒྱུད་

33b

ཆ་མཐུན་གྱི་རྒྱུད་གསུམ་དུ་ཡོད་དེ། སློབ་དཔོན་པདྨ་ཙཀྵུས། རྩ་རྒྱུད་ཤིན་ཏུ་ཟབ་ཅིང་རྟོགས་དཀའི་དོན། །བཤད་དང་ཆ་མཐུན་རྒྱུད་ཀྱིས་རྣམ་པར་དབྱེ། །ཞེས་གསུངས་པའི་ཕྱིར། དེའི་མཚན་བཞི་ནི་དེ་ཉིད་འདུས་པ་དང་། ངན་སོང་སྦྱོང་རྒྱུད་སོགས་ཡིན་ནོ། །ལུགས་དེའི་ལྷ་སྒྲུབ་ཚུལ་ནི། ཕྱི་རོལ་དུ་བྲིས་སྐུ་ལྷར་བསྐྱེད་པ་ལ་དམིགས་པའི་རྐྱེན་ཙམ་བྱས། གཙོ་བོར་རང་ཉིད་དམ་ཚིག་སེམས་དཔར་བསྐྱེད། །ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་དེ་ལ་བསྟིམ་སྟེ་ཕྱག་རྒྱ་མ་བཀྲོལ་གྱི་བར་དུ་ཡེ་ཤེས་སེམས་དཔའ་བཞུགས་པ་ལ་དངོས་གྲུབ་ལེན་ཞིང་། ཕྱག་རྒྱ་བཀྲོལ་ནས་ཡེ་ཤེས་པ་གཤེགས། རང་ཉིད་དམ་ཚིག་པའི་ང་རྒྱལ་གྱིས་ཐུན་མཚམས་ཀྱི་བྱ་བ་རྣམས་བསྒྲུབ་པར་གསུངས་ཏེ། སྡོམ་གསུམ་རབ་དབྱེ་ལས། རྣལ་འབྱོར་རྒྱུད་དུ་ཕྱི་རོལ་ལ། །དམིགས་པའི་རྐྱེན་ཙམ་བྱས་ནས་ཀྱང་། །རང་ཉིད་དམ་ཚིག་སེམས་དཔའ་ལ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ནས། །ཇི་སྲིད་ཕྱག་རྒྱ་མ་བཀྲོལ་བར། །དེ་ཡི་བར་དུ་སངས་རྒྱས་བཞུགས། །ཕྱག་རྒྱ་བཀྲོལ་ནས་སངས་རྒྱས་གཤེགས། །དེ་ནས་རང་ཉིད་ཐ་མལ་གྱུར། །ཞེས་གསུངས་པའི་ཕྱིར། སྨིན་བྱེད་ཀྱི་དབང་ལ་སྔར་གྱི་ཆུ་སོགས་ལྔའི་སྟེང་དུ་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་དང་དྲུག་ཏུ་ཡོད་དེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཕྱིར་མི་ལྡོག་པ་ཡི་ནི་དབང་༑ །རྣལ་འབྱོར་རྒྱུད་དུ་གསལ་བར་ཕྱེ། །དེ་བཞིན་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་གསུངས་པའི་ཕྱིར། རྣལ་འབྱོར་རྒྱུད་ཀྱི་སྲོལ་ནི་ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན། དོན་ལ་མཁས་པ་སངས་

34a

༄༅།       །རྒྱས་གསང་བ། ཚིག་དོན་གཉིས་ཀ་ལ་མཁས་པ་གྲུབ་ཆེན་ཀུན་དགའ་སྙིང་པོ་སྟེ་ཡོ་ག་ལ་མཁས་པའི་མི་གསུམ་སློབ་བརྒྱུད་དང་བཅས་པས་འཕགས་པའི་ཡུལ་དུ་ཆོས་དར་བར་མཛད་ལ། བོད་དུ་ནི་པཎྜི་ཏ་དྷརྨྨ་པཱ་ལ་ནས་ལོ་ཆེན་རིན་བཟང་ལ་བརྒྱུད་པ་དང་། བལ་པོ་ར་ཝནྟྲ་ནས་མལ་ལོ་ཙཱ་བ་ལ་བརྒྱུད་པ་དང་བི་བྷུཏྲ་ཙཎྜ་ནས་གཡག་སྡེ་ཟེ་དམར་བ་ལ་བརྒྱུད་པ་སོགས་སྲོལ་དུ་མ་བྱུང་ཞིང་། རྩ་སྣུར་འཛིམ་གསུམ་སོགས་ཀྱིས་དར་ཞིང་རྒྱས་པར་མཛད་དོ། །ཡོ་ག་སྟོད་ལུགས་དང་སྨད་ལུགས་ཞེས་གྲགས་པ་ནི། ལོ་ཆེན་གྱི་སྐུ་ཚེའི་སྟོད་ལ་བྱུང་ཡང་ས་ཆ་སྨད་དུ་དར་བ་ལ་ཡོ་ག་སྨད་ལུགས་ཞེས་བྱ་སྟེ། ཉང་སྟོད་ཀྱི་རྐྱང་པོ་ཆོས་བློ། རིན་སྤུང་གི་སུམ་སྟོན་ཡི་འབར། བོ་དོང་གི་སྤང་ག་འདར་ཆུང་རྣམས་ཀྱིས་སྲོལ་བཏོད་པ་རྣམས་ཡིན་ནོ། །ཡོ་ག་སྟོད་ལུགས་ནི་ལོ་ཆེན་གྱི་སྐུ་ཚེའི་སྨད་ལ་བྱུང་ཡང་། ས་ཆ་སྟོད་དུ་དར་བས་དེ་སྐད་ཅེས་བྱ་སྟེ། མལ་ལོ་ཙཱ་བ་ནས་བླ་མ་ས་སྐྱ་པ་ཆེན་པོ་སོགས་ལ་བརྒྱུད་དེ་སྙན་བརྒྱུད་དུ་བཞུགས་པ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས༑ ཕྱི་རབས་ཀྱི་གདུལ་བྱ་བློ་ཞེན་ཅིང་བརྗེད་ངེས་པས་སྙན་བརྒྱུད་འཛིན་མི་ནུས་པར་ནུབ་ཀྱི་དོགས་ནས་གཞན་ཕན་སྐོར་གསུམ་སོགས་མཛད་ནས་དར་ཞིང་རྒྱས་པར་མཛད་པ་ཡིན་ནོ། །ཡོ་གའི་སྲོལ་རྒྱས་པ་རྣམས་བར་སྐབས་སུ་ཅུང་ཟད་ནུབ་པ། ཀུན་མཁྱེན་བུ་སྟོན་ཆེན་པོས་གསོས་ཏེ་ད་ལྟ་ནི་དར་རྒྱས་ཆེའོ། སྦྱོང་རྒྱུད་ཀྱི་སྲོལ་རྙིང་པ་མཐའ་དག་ལ་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལམ་མཚན་དངོས་བོ་དོང་ཀ་བཅུ་པ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་དེས་ལུང་རིགས་ལྟར་སྣང་གིས་ཕྱིན་ཅི་ལོག་ཏུ་བརྒལ་མོད། གོ་

34b

རམས་ཆེན་པོས་དཔྱིས་ཕྱིན་པར་བཀག་ནས་སྲོལ་སྔ་མ་ཉིད་རྩོད་པ་ཐམས་ཅད་དང་བྲལ་བར་མཛད་པ་ཡིན་ནོ། །