རྟ་ནག་ཆོས་འབྱུང་།
བསྟན་པའི་མེ་རོ་སྨད་ནས་བསླངས་ཚུལ།
(བསྟན་པའི་མེ་རོ་སྨད་ནས་བསླངས་ཚུལ།)
དང་པོ་ནི། རྒྱལ་པོ་སྡིག་ཅན་གྱིས་བསྟན་པ་བསྣུབས་པ་ན་ལྷ་སའི་དཔལ་ལྷ་མོས་བསྐུལ་ཏེ་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་བཀྲོངས་ཏེ་ཁམས་སུ་བྲོས་པས་ཐར། ཆུ་བོ་རིའི་སྒོམ་གྲ་ན། གཙང་རབ་གསལ་གཡོ་དགེ་འབྱུང་། དམར་ཤཱཀྱ་མུ་ནེ་གསུམ་སྒོམ་མཛད་ཀྱིན་བཞུགས་པ་ན་བཙུན་པའི་གཟུགས་ཀྱིས་ཁྱི་ར་བྱེད་པ་མཐོང་། གཏམ་དྲིས་པས། རྒྱལ་པོས་བསྟན་པ་བསྣུབས་ཚུལ་ཐོས་ནས་དངངས་ཏེ་འདུལ་བའི་དཔེ་དྲེའུ་ལ་བཀལ་ནས་མངའ་རིས་སྟོད་དུ་བྲོས་ནས་ཧོར་ཡུལ་དུ་ཕྱིན། བསྟན་པ་དར་བར་བྱ་སྙམ་ཡང་སྐད་མ་གོ་བར་མདོ་སྨད་དུ་བྱོན། མདོ་ཁམས་དབེན་ཆུང་གི་དགོན་པ་ཡང་ཟེར། དན་ཏིག་ཤེལ་
གྱི་དགོན་པ་ཡང་ཟེར་བར་གཞི་ཕབ་ནས་བཞུགས་པས་བོན་པོའི་རིགས་སུ་སྐྱེས་པ་མུ་ཟུ་གསལ་འབར་བྱ་བའི་རིགས་སད་པའི་བྱིས་པ་གཞོན་ནུ་ཞིག་ཁོང་རྣམས་ལ་དད་ཅིང་འདུལ་བ་ལ་ལྷག་པར་མོས་ནས་རབ་ཏུ་བྱུང་བར་ཞུས་པས་གནང་སྟེ་གཙང་གི་མཁན་པོ་དང་། གཡོས་ལས་སློབ་བྱས་ཏེ་རབ་བྱུང་དང་དགེ་ཚུལ་སྒྲུབ། མཁན་སློབ་ཀྱི་མཚན་ལས་དྲས་ཏེ་དགེ་བ་རབ་གསལ་དུ་མཚན་གསོལ། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། སླར་མཁན་སློབ་དེ་ཉིད་དང་། དམར་གྱི་གསང་སྟོན། རྒྱ་ནག་ཧྭ་ཤང་ཀོ་བང་དང་། གྱི་བན་བྱ་བ་གཉིས་ཀྱིས་ཁ་བསྐོངས་བྱས་ཏེ་བསྙེན་པར་རྫོགས། དེས་མཁན་སློབ་དང་གོང་སེང་གེ་གྲགས་ལ་འདུལ་བ་བསླབས། དེ་ནས་ལོ་ལྔ་ལོན་པ་ན། དབུས་ནས་ཀླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲི་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔ་། གཙང་ནས་མགུར་མོ་རབ་ཁ་བ། ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔ་པ་ཚོང་བཙུན་ཤེས་རབ་སེང་གེ །མངའ་རིས་པ་འོད་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་དཀར་བ་དང་ལྔ་སྟེ་མི་བཅུ ཁམས་སུ་ཕྱིན། གཙང་ལ་བཀའ་དྲིན་ཞུས་པས་ང་རྒས་ནས་མཁན་པོ་མི་འཁྱོང་། །བླ་ཆེན་ལ་ཞུས་གསུང་བ་ལྟར་ཞུས་པས་ང་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མཁན་པོ་མི་བཏུབ་གསུངས་བ་ལ། གཙང་ན་རེ། དམིགས་གསལ་ལ་བཏུབ་པས་གྱིས་གསུངས། བླ་མ་ཆེན་པོས་མཁན་པོ། གཙང་གི་ལས་སློབ། གཡོས་གསང་སྟོན། དམར་དང་ཧྭ་ཤང་གིས་ཁ་བསྐོངས་བྱས་ཏེ་ཐམས་

༄༅། །ཅད་རྫོགས་པར་བྱས། བླ་ཆེན་གྱི་གསུང་ནས་ལོ་སྟོན་མཐུ་ཆེ་བས་བསྟན་བསྲུང་གྱིས། །ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་གེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་བསྐོས་མཁས་པས་གནས་གཞི་བཟུང་གསུངས་ཏེ་བརྫངས། དེ་རྣམས་ཀྱིས་དབུས་གཙང་དུ་འོངས་ཏེ་གནས་གཞི་སོ་སོར་བཟུང་། འདུལ་བའི་གྲ་བཙུགས་ཏེ་བསྟན་པ་སྤེལ་བ་ལ་བསྟན་པའི་མེ་རོ་སྨད་ནས་བསླང་པ་ཞེས་ཟེར་རོ། །
