རྟ་ནག་ཆོས་འབྱུང་།

དགུ་པ། དེ་ལ་བོད་ཀྱི་ཆོས་རྒྱལ་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་སྲི་ཞུ་ཇི་ལྟར་མཛད་པའི་ཚུལ།

上一章
下一章

(དགུ་པ། དེ་ལ་བོད་ཀྱི་ཆོས་རྒྱལ་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་སྲི་ཞུ་ཇི་ལྟར་མཛད་པའི་ཚུལ།)

དགུ་པ་དེ་ལས་བོད་ཀྱི་ཆོས་རྒྱལ་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་སྲི་ཞུ་ཇི་ལྟར་མཛད་པའི་ཚུལ་ནི། ལྷ་ཐོ་ཐོ་རི་སྙན་ཤལ་གྱིས་གཉན་པོ་གསང་བ་ལ་ཕྱག་མཆོད་མཛད་པ་དང་། སྲོང་བཙན་སྒམ་པོས་རང་གི་འབངས་སུ་གྱུར་པའི་ལོ་ཙྭ་བ་རྣམས་ཀྱི་ཞབས་སྤྱི་བོར་བླངས་ཤིང་སྲི་ཞུ་ཕུན་སུམ་ཚོགས་པ་དང་། རབ་ཏུ་བྱུང་བའི་གཟུགས་བརྙན་ཙམ་ལའང་རྒྱལ་པོ་ཉིད་ཀྱིས་ཕྱག་མཛད་པ་སོགས་བསྟན་པ་དང་བསྟན་འཛིན་གྱི་དབུ་འཕང་ཆེས་ཆེར་བཏོད་དོ། །ཁྲི་སྲོང་ལྡེ་བཙན་གྱིས་བསྟན་པའི་རྩ་བ་རབ་ཏུ་བྱུང་བའི་སྡེ་བཙུགས་ནས་བཤད་ཉན་གྱི་སྲོལ་ལེགས་པར་བཏོད། །རབ་ཏུ་བྱུང་བ་རེ་རེའི་ཞབས་ནས་བཏེག་སྟེ་བསྟན་པ་བླ་ནར་བཀུར་བས་བོད་ཁམས་ཀྱི་བདེ་སྐྱིད་དབྱར་གྱི་མཚོ་ལྟར་གྱུར། མངའ་བདག་ཁྲི་རལ་པ་ཅན་གྱིས་བོད་ཀྱི་རབ་ཏུ་བྱུང་བ་མི་རེ་རེ་ལ་འབངས་མི་ཁྱིམ་བདུན་རེ་

68b

འབུལ་བ་སོགས་ཀྱིས་བཀུར་སྟི་ཆེར་མཛད། བསྟན་པ་ཕྱི་དར་གྱི་དུས་སུ་བསམ་ཡས་ཀྱི་བཙད་པོ་མངའ་བདག་ཙཱ་ལ་ན་ཡབ་སྲས་ཀྱིས་དབུས་གཙང་གི་མི་བཅུ་ཁམས་སུ་རྫོངས་བའི་བདག་རྐྱེན། ཡར་བྱོན་ནས་སྣ་ལེན་དང་བསྟོད་བཀུར་ཆེར་མཛད་པས་འདུལ་མངོན་དང་ཕར་ཕྱིན་ལ་སོགས་པའི་བཤད་ཉན་རླབས་པོ་ཆེ་བཙུགས། ལྷ་བླ་མ་ཡེ་ཤེས་འོད་དང་། དེའི་དབོན་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། པུ་ཧྲང་བ་ལེགས་པའི་ཤེས་རབ་སོགས་ལོ་ཙཱ་བ་མང་པོ་བདག་རྐྱེན་མཛད་པས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་ཉན་རླབས་པོ་ཆེ་སྟོད་ནས་དར། རྒྱ་བརྩོན་སེང་། གུང་ཐང་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཕོ་ཉར་མངགས་ཏེ་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་སྤྱན་དྲངས། བཀའ་གདམས་ཀྱི་སྲོལ་ཆེན་པོ་བཙུགས་པ་སོགས་བོད་ཀྱི་ཆོས་རྒྱལ་རིམ་པར་བྱོན་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་ཕུ་དུད་ཆེས་ཆེར་མཛད་པས་བསྟན་པ་རིན་པོ་ཆེ་འདི་ཆེས་ཆེར་རྒྱས་པ་ཡིན་ནོ། །