རྟ་ནག་ཆོས་འབྱུང་།

བཅུ་པ། མཁས་པ་རྣམས་ཀྱིས་བཤད་ཉན་གྱི་ཇི་ལྟར་གཏན་ལ་ཕབ་པའི་ཚུལ།

上一章
下一章

(བཅུ་པ། མཁས་པ་རྣམས་ཀྱིས་བཤད་ཉན་གྱི་ཇི་ལྟར་གཏན་ལ་ཕབ་པའི་ཚུལ།)

བཅུ་པ་མཁས་པ་རྣམས་ཀྱིས་བཤད་ཉན་གྱི་ཇི་ལྟར་གཏན་ལ་ཕབ་པའི་ཚུལ་ནི༑ སྡེ་སྣོད་ཀྱི་བཤད་ཉན་ལ་འདུལ་བ་སྨད་ལུགས་ཀྱི་བཤད་པ་ནི་བསྟན་པ་སྔ་དར་གྱི་བཤད་པའི་རྒྱུན་ཁམས་སུ་འཕོས་པ། ཀླུ་མེས་ཀྱིས་བླངས་ཏེ་སྤེལ་བ་དང་། མངོན་པ་ཀུན་བཏུས་ཀྱང་བསྟན་པ་སྔ་དར་གྱི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་ཡར་འཕེལ་ཏེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། དེའི་སློབ་མར་ཁྲི་བཟང་འབར་དང་། བྲང་ཏི་དར་མ་སྙིང་པོ་སོགས་ལས་བརྒྱུད་དེ་ཤིན་ཏུ་དར་བར་མངོན་བྱུང་ཡང་། ད་ལྟ་ནི་ལུང་རྒྱུན་ཙམ་ལས་བཤད་པའི་རྒྱུན་མི་སྣང་། འདུལ་བ་སྟོད་ལུགས་

69a

༄༅།       །ཀྱི་བཤད་པ་ནི་པཎྜིཏདྷརྨྨ་པཱ་ལ་མངའ་རིས་སུ་བྱོན། དེའི་སློབ་མ་པཱ་ལ་རྣམ་གསུམ། དེའི་སློབ་མ་ཞང་ཞུང་བ་རྒྱལ་བའི་ཤེས་རབ་ལས་འཕེལ་བ་ཡིན་ཞིང་། དུས་ཕྱིས་ཁ་ཆེ་པཎྜི(བདེ་བ་ཡོད་སྨྲ་བའི་མཁན་བརྒྱུད།)ཏ་ཆེན་པོ་ཤཱཀྱ་ཤྲཱི་བོད་དུ་བྱོན། ས་སྐྱ་པཎྜི་ཏ(ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ།)དང་། བྱང(ཆུབ་པ།)རྡོར(རྗེ་དཔལ།)གཉིས་ལ་སོགས་པ་བསྙེན་པར་རྫོགས་པར་མཛད་ཅིང་། བཤད་ཉན་ཀྱང་མཛད་པ་ལས་འཕེལ་བ་ལ་འདུལ་བ་བར་ལུགས་ཞེས་གྲགས། མངོན་པ་མཛོད་ཀྱི་བཤད་ཉན་ནི་པཎྜི་ཏ་སྨྲྀ་ཏིས་མཆིམས་བརྩོན་འགྲུས་སེང་གེ་དང་། མཆིམས་ཐམས་ཅད་མཁྱེན་པ་སོགས་ལ་བཤད་ཅིང་། དེ་ནས་དགེ་བའི་བཤེས་གཉེན་མཆིམས་པ་རྣམས་ལས་བརྒྱུད་དེ་འཕེལ་བ་ཡིན། བྱམས་པའི་ཆོས་ལྔ་ནི་རྔོག་བློ་ལྡན་ཤེས་རབ། བཙན་ཁ་བོ་ཆེ་གཉིས་ནས་འཕེལ་ཞིང་། དབུ་མའི་བཤད་པ་ནི་པ་ཚབ་ཉི་མ་གྲགས་ནས་པ་ཚབ་ཀྱི་བུ་བཞི་ལས་བརྒྱུད་དེ་འཕེལ། ཚད་མ་རྣམ་ངེས་སོགས་ཀྱི་བཤད་པ་ནི་རྔོག་ལོ་ཆེན་པོ་ལས་འཕེལ་ཞིང་། ཚད་མ་རྣམ་འགྲེལ་གྱི་བཤད་པ་ནི་ཐོག་མར་རྨ་དགེ་བའི་བློ་གྲོས་དང་། བར་དུ་རྔོག་ལོ་ཆེན་པོས་བཤད་ཉན་མཛད་ཀྱང་རྒྱུན་མ་ཚུགས་པ་ལ་ཕྱིས་ས་སྐྱ་པཎྜི་ཏས་ཁ་ཆེ་པཎ་ཆེན་དང་། དེའི་པཎ་ཆུང་གསུམ་དང་བཅས་པ་ལ་གསན་ཏེ་བཤད་ཉན་གྱི་སྲོལ་བཙུགས་པ་ལས་འཕེལ་བ་ཡིན། གསང་སྔགས་ཀྱི་བཤད་ཉན་ནི། སྔོན་རྭ་པ་དང་། རྔོག་པ་དང་། དཔྱལ་ལོ་དང་། འགོས་ལོ་སོགས་ལས་ཀྱང་མང་དུ་འཕེལ་ལོ། །གཙོ་བོར་གྱུར་པ་ས་སྐྱ་པའི་ཡབ་ཆོས་བདེ་དགེ་གསང་གསུམ་དུ་གྲགས་པ་ལ་ཀྱེ་རྡོ་རྗེའི་སྐོར་ནི། འབྲོག་མི་ལོ་ཙཱ་

69b

བའི་བཀའ་བབས་ཀྱི་སློབ་མ་བཞི་ལས་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལས་འཕེལ་ལོ། །ལཱུ་ནག་དྲིལ་གསུམ་དུ་གྲགས་པའི་བདེ་མཆོག་གསང་མཐའི་སྐོར་ནི། ཀློག་སྐྱ་ཤེས་རབ་བརྩེགས་དང་། མལ་ལོ་བློ་གྲོས་གྲགས་སོགས་ལས་བརྒྱུད་དེ་ས་སྐྱ་པ་ཡབ་སྲས་ལ་འཕེལ། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ནི་གཉན་ལོ་ཙཱ་བ་ནས་གནམ་ཁའུ་པ་ལ་བརྒྱུད་ཅིང་། འཕགས་ལུགས་ནི་འགོས་ལོ་ཙཱ་བ། དབུས་པ་དགེ་སེར། གནམ་ཁའུ་པ་ནས་བརྒྱུད་དེ་ས་སྐྱ་པ་ཡབ་སྲས་ལས་འཕེལ། གཤིན་རྗེ་གཤེད་ཀྱི་སྐོར་རྣམས་ནི། ལྡོང་སྟོན་ཤེས་རབ་དཔལ་ལས་བརྒྱུད་དེ་འགྲོ་བའི་མགོན་པོ་འཕགས་པ་ལས་འཕེལ་བ་མང་། རྣལ་འབྱོར་གྱི་རྒྱུད་རྣམས་ནི་མལ་ལོ་བློ་གྲོས་གྲགས་ལས་བརྒྱུད་དེ་ས་སྐྱ་པ་ཡབ་སྲས་ལས་འཕེལ། རིག་པའི་གནས་ཆུང་བ་རྣམས་ནི་ས་སྐྱ་པཎྜིཏ་ཁོ་ནའི་གངས་རིའི་ཁྲོད་འདིར་ཤིང་རྟའི་སྲོལ་གསར་དུ་ཕྱེ་བ་ཡིན་ཏེ། སྒྲ་རིག་པ་ལ་མཁས་པ་འཇུག་པའི་སྒོ་དང་། ཤེས་རབ་འཕྲོ་བ་དང་། ཤེས་རབ་ལ་འཇུག་པ་དང་། སྒྲ་ཉེར་བསྡུ་སྟེ་བཞི་དང་། ཚད་མ་རིག་པ་ལ་རིག་པའི་གཏེར་རང་འགྲེལ་དང་བཅས་པ་དང་། བཟོ་རིག་པ་ལ་སྐུ་གཟུགས་ཀྱི་བསྟན་བཅོས་དང་། ས་བརྟག་པ་སོགས་ཀྱི་བསྟན་བཅོས་དང་། གསོ་བ་རིག་པ་ལ་ཡན་ལག་བརྒྱད་པའི་བསྡུས་དོན་དང་། སྡེབ་སྦྱོར་ལ་མེ་ཏོག་གི་ཆུན་པོ་དེའི་ངལ་གསོའི་དཔེ་ཙམ་སྟོན་པ་བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་གཉིས། སྙན་ངག་ལ་མཁས་པའི་ཁ་རྒྱན། མངོན་བརྗོད་ལ་ཚིག་གཏེར། ཟློས་གར་ལ་རབ་དགའི་འཇུག་པ་དང་། དེའི་རོལ་མོའི་དབྱངས་འདྲེན་པའི་ཕྱོགས་ཙམ་སྟོན་པ་རོལ་མོའི་བསྟན་བཅོས་

70a

༄༅།       །ལ་སོགས་པ་མཛན་ནས་གངས་རིའི་ཁྲོད་འདིར་ཆེས་ཆེར་དར་བར་མཛད་པའི་ཕྱིར་ཏེ། ཆོས་རྗེ་ཉིད་ཀྱི་གསུང་ལས། སྐྱེ་བ་གཞན་དུ་སྦྱངས་པ་དང་། མཁས་པ་དུ་མ་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས༐ །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་དང་། བྱང་ཕྱོགས་འདི་ན་ཚིག་ལ་མཁས་པ་མེད། །ལེགས་པར་ཤེས་ནས་འཆད་པ་ཁོ་བོ་ཙམ། །ཞེས་དང་། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་ཞལ་གྱིས་འཆེས་པར་མཛད་པའི་ཕྱིར། འོ་ན་དེ་ལྟ་བུ་ང་རྒྱལ་མ་ཡིན་ནམ་ཞེ་ན། རང་ལ་རྗེས་སུ་ཡི་རང་བའི་ཚིག་ཡི་གེའི་ལམ་དུ་འགོད་པ་ནི་མཁས་པ་དང་གྲུབ་པ་རྣམས་ལ་ཤིན་ཏུ་འོས་པས་གཟུ་བོར་གནས་པའི་གཏམ་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན་ཏེ། དེ་དང་ཚུལ་མཚུངས་པར་དཔལ་ལྡན་ཆོས་ཀྱི་གྲགས་པས། སྤྲེའུའི་ཚོགས་ཀྱི་རི་བོང་བཟུང་ནས་ཆུ་གཏེར་བཞག་ཅེས་གྲོག་མཁར་སྨྲ། །རྒྱས་པ་སྲིད་སྒྲུབ་བརྡ་ཤེས་དེ་དག་བདེ་མིན་ལོ་རྒྱུས་སྒྲོག་པར་བྱེད། །ཁོ་བོས་ཚིག་དོན་སྲང་ལ་གཞལ་བཞིན་ཇི་ལྟར་གནས་པ་བདེན་སྨྲས་ཀྱང་། །འགྲོ་ཀུན་མགྲིན་པ་བརྐྱངས་ནས་སུན་འབྱིན་དེ་ཕྱིར་གྲགས་ལྡན་ཁྱོད་ལ་འདུད། ཅེས་དང་། གལ་ཏེ་ཆོས་ཀྱི་གྲགས་པ་ཡིས། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་

70b

ད་གཟོད་ལོངས། །ཞེས་དང་། སློབ་དཔོན་བློ་བརྟན་གྱིས། བདག་བློ་ཕྱོགས་གཅིག་བཞག་པ་དང་། །གཞན་བློ་ཕྱོགས་གཅིག་བཞག་པ་གཉིས། །གལ་ཏེ་ཚད་ལས་གཞལ་རུང་ན། །སྲང་ལ་བཅལ་ན་བདག་བློ་ཡི། །ཞེས་དང་། སློབ་དཔོན་རྒྱན་མཁན་པོས། ཤེས་རབ་འབྱུང་གནས་སྐྱེས་པ་ན། །ཤེས་བྱའི་ཚོགས་རྣམས་མི་འདར་ན། །དེ་ལ་སེམས་མེད་ཡང་ན་ནི། །ལྐུགས་སམ་བ་གླང་མངོན་སུམ་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན་བོད་ན་ཡོད་པའི་བཤད་ཉན་གྱི་རྒྱུན་འདི་དག་ཕལ་མོ་ཆེ་ས་སྐྱ་པའི་དགེ་བའི་བཤེས་གཉེན་རེ་རེ་ལས་མ་བརྒྱུད་པ་མེད་ཅིང་། དེ་ཡང་རྗེ་བཙུན་གོང་མ་རྣམས་དང་། གཙོ་བོར་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏའི་ཕྲིན་ལས་ཀྱི་རྒྱུན་ཁོ་ན་ཡིན་པས་འགྲན་སེམས་དང་ཕྲག་དོག་སོགས་རྒྱང་རིང་དུ་དོར་ནས་བཀའ་དྲིན་རྗེས་སུ་དྲན་པར་བྱ་རིགས་པ་ཡིན་ནོ། །བཟོ་རིག་པ་ཡང་རི་མོ་དང་སྐུ་གཟུགས་ཀྱི་མཚན་ཉིད་དང་ཕྱག་ཚད་དང་དགེ་ལེགས་ལ་སོགས་པའི་བརྟག་པ་དང་། ས་བརྟག་པ་ལ་སོགས་པ་བརྟག་པ་རྣམ་པ་བརྒྱད་དང་། ཅིས་ཀྱང་བཟོ་རིག་པའི་ཁོངས་སུ་གཏོགས་པར་མཁས་པ་རྣམས་བཞེད་པས་དཔལ་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་ཨངྒི་དང་། དབྲི་བསྣན་སོགས་རྩིས་ཀྱི་ཡན་ལག་མ་ཚང་བ་མེད་པ་དཔྱིས་ཕྱིན་པ་ལེགས་པར་མཁྱེན་ནས་རྗེ་བཙུན་ཆེན་པོའི་ནང་རྟེན་དབུ་རྩེ་རྙིང་མ་ན་བཞུགས་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གཟུགས་ད་ལྟ་འཇམ་དབྱངས་གཟི་འོད་འབར་བར་གགས་པའི་རས་ཤིང་དང་པྲ་བཟོ་ལ་སོགས་པ་ཆོས་རྗེ་ཉིད་ཀྱིས་མཛད་པ་འདི་ནི་དུས་ཕྱིས་ཛམྦཱུའི་གླིང་ན་བཟོ་རིག་པ་ལ་ཤིན་ཏུ་མཁས་པར་བྱས་པ་དག་གིས་མངོན་པར་འདུ་བྱས་

71a

༄༅།       །པའི་སྐུ་གཟུགས་དག་གིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བར་མ་ཟད་འདིས་ཁྲི་རྒྱབ་ཡོལ་སློབ་དཔོན་ཟངས་ཚས་མཛད་པ་ལ་ཡང་འགྲན་མི་ཕོད་པས། རྩ་རྒྱུད་ནས་བཤད་པའི་རི་མོའི་བཀོད་པ་གན་དར་དཀར་པོ་ཁ་ཕྱེད་དོ་ལྷག་པ་ལ་ཕྱག་གིས་མངོན་པར་འདུ་མཛད་པ་རྒྱ་མ་དཔོན་གྲགས་ལ་གནང་བ་དང་། ཤང་སྲེག་ཤིང་དུ་གྱང་ངོས་ལ་བྲིས་པའི་འཇམ་དབྱངས་གར་གཟིགས་དང་། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཁོར་སའི་ངོས་ལ་བྲིས་པའི་འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་གྱི་རི་མོ་སོགས་ནི་དེང་སང་གི་རི་མོ་བ་ཤིན་ཏུ་མཁས་པར་བྱས་པ་འབུམ་གྱི་བློ་གྲོས་ཕྱོགས་གཅིག་ཏུ་བསྡོམས་ནས་བྲིས་ཀྱང་ཆ་ཙམ་དུ་ཡང་མི་འགྲོ་བ་ཞིག་སྟེ། དེ་ལྟ་བུའི་ཕྱག་རྒྱུན་ལ་བརྟེན་ནས་གཙོ་བོར་འཕེལ་བ་ཡིན། གསོ་བ་རིག་པ་ཡང་བོད་འདིར་དང་པོར་ནི་རྒྱ་ནག་ནས་བྱུང་བ་ཡིན་ལ། ཕྱིས་ནི་རྒྱ་གར་སོགས་ཕྱོགས་མང་པོ་ནས་འཕེལ་བར་མངོན་མོད། ད་ལྟ་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་ནི། གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པ་ཡིན་གྱིས། རྒྱ་གར་ནས་འོངས་པའི་བཀའ་དང་བསྟན་བཅོས་གང་ཡང་མ་ཡིན་མོད། བོད་བླུན་ལོག་རྟོག་ཅན་དག་གིས་སྒྲོ་སྐུར་གྱི་གཞིར་སོང་དོགས་རྒྱ་གར་ནས་བྱུང་རྒྱུ་བ་དང་། རྫ་པ་ཡེ་ཤེས་གཟུངས་ལ་ཆིག་བརྒྱུད་དུ་གནང་རྒྱུ་བའི་ཁུལ་མཛད་པ་ཡིན། དེ་ལྟ་ནའང་གཡུ་ཐོག་ཡོན་ཏན་མགོན་པོ་ནི་སྨན་བླ་ཉིད་ཀྱི་སྤྲུལ་པར་གྲགས་ཤིང་། མཁས་ཤིང་གྲུབ་པ་བརྙེས་པས་འཁྲུལ་པའི་དྲི་མ་བསངས་པ་ཞིག་ཡིན་པས། འདི་དག་ཀྱང་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་རྒྱལ་བའི་བཀའ་དང་འདྲ་བས་ཚད་མ་ཡིན་པར་མཁས་པ་རྣམས་ལ་གྲགས་སོ། །ཆོས་རྗེ་

71b

པས་ཀྱང་ཡན་ལག་བརྒྱད་པ་སོགས་རྒྱ་གར་ནས་བྱུང་བའི་གསོ་རིག་གི་བསྟན་བཅོས་རྣམས་དཔྱིས་ཕྱིན་པར་བསླབས་ཏེ་ཤིན་ཏུ་མཁས་པར་མཁྱེན་ནས་ཡན་ལག་བརྒྱད་པའི་བསྡུས་དོན་མཛད་ཅིང་། དེའི་ལྷན་ཐབས་འགའ་ཡང་བྱུང་བ་སོགས་བཀའ་སྲོལ་འདི་ལས་མཆེད་པ་བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་མང་དུ་བྱུང་བར་སྣང་ངོ་། །