རྟ་ནག་ཆོས་འབྱུང་།
མཇུག་བྱང་།
(མཇུག་བྱང་།)
འདིར་སྨྲས་པ། ལེགས་བཤད་གསེར་གྱི་ཐུར་མས་བླང་དོར་ལ། །རྨོངས་པའི་རབ་རིབ་སྟུག་པོ་
ཀུན་སྦྱངས་ནས། །གསུང་རབ་དོན་ལ་ལྟ་བའི་མིག་སྦྱིན་པས། །ཡོངས་འཛིན་སྨན་པ་ཆེན་པོར་སླར་ཡང་འདུད། །སངས་རྒྱས་ཉི་མས་སྣང་བའི་མུན་པ་ཡིས། །བསྐལ་པར་ཐེག་གསུམ་ལམ་བཟང་སྣང་བ་དང་། །བྲལ་བས་ཉེས་པར་སྤྱོད་ལ་ཞིང་ས་ཡིས། །བསོད་ནམས་བཞིན་དུ་བརྩོན་ལས་འོས་ཅི་ཡོད། །བཟང་པོའི་བསྐལ་པ་འདི་ལ་མིའི་ཉི་མ། །ལྔ་ཡིས་ལྷག་པའི་སྟོང་ངམ་བརྒྱ་ཕྲག་བཅུ། །རྡོ་རྗེའི་གདན་དུ་བྱོན་ནས་འཇིག་རྟེན་གསུམ། །སྣང་བར་བྱེད་ཅེས་རྒྱལ་བས་མདོ་ལས་གསུངས། །མི་མཇེད་འཇིག་རྟེན་ཁམས་སུ་ཐུབ་པ་ཡིས། །གཉིས་ཀྱིས་ལྷག་པའི་རྨད་བྱུང་མཛད་པ་བཅུས། །རིགས་ཅན་གསུམ་གྱི་སེམས་རྒྱུད་ལྕགས་ཟངས་དངུལ། །ངེས་འབྱུང་ནོར་བུའི་ཁུ་བས་གསེར་དུ་བྱས། །ཟས་གཙང་སྲས་པོ་རབ་ཞིའི་བདེར་བཞུགས་ཚེ། །བསྡུ་མཛད་རྣམས་ཀྱི་གསུང་རབ་མཐའ་དག་བསྡུས། །ལེ་དང་ཚན་དུ་བཅད་ནས་གླེགས་བམ་ལ། །བཀོད་པ་ལྔ་གསུམ་ཆོས་དཀར་སྣང་བས་འབྱམས། །ལུང་རྟོགས་ཆོས་ཀྱི་བང་མཛོད་ཀུན་འཛིན་པའི། །མཁས་གྲུབ་མང་པོ་ཀུ་ཤའི་ཐང་ཡངས་པོར། །བཤད་སྒྲུབ་ཉི་ཟླའི་གཟི་འོད་འབུམ་སྦར་ནས། །མུ་སྟེགས་མེ་ཁྱེར་མ་ལུས་མིང་མཐར་བྱས། །སམྦྷོ་ཊ་སོགས་འཇིག་རྟེན་མིག་རྣམས་ཀྱིས། །འཕགས་ཡུལ་ཡིད་བཞིན་མཚོ་ནས་དམ་ཆོས་ཀྱི། །ཡིད་བཞིན་ནོར་བླངས་གངས་ལྡན་མིའི་ལྟོ་བར། །རང་རང་རེ་བའི་ལྗོན་པ་འབྲས་བུས་དུད། །རྒྱལ་མེས་དབོན་ཞེས་གྲགས་པའི་གདུགས་དཀར་པོ། །འཇིག་རྟེན་གསུམ་གྱི་བླ་ན་རྟག་འཁོར་བ། །བརྒྱུད་པར་བཅས་པས་རྒྱལ་བསྟན་ས་ཆེན་པོ། །སྤུངས་པ་འདོད་འཇོའི་ཀ་བས་མཐོན་པོར་བཏེག །ཞི་འཚོས(མཁན་པོ།)བསྟན་པའི་རྩ་བ་བརྟན་པོར་བཙུགས། །པདྨས་ལྷ་སྲིན་དྲེགས་པའི་སྲོག་སྙིང་བླངས། །པདྨའི་ངང་ཚུལ་བཟང་པོའི་ཡང་དག་པའི། །ལྟ་བ་སྦྲང་རྩི་ཞིམ་པོས་བོད་ཁམས་བསྐྱངས། །བོད་ལ་ཉམས་སད་སླད་

༄༅། །དུ་བསྟན་པ་ལ། །རབ་དགས་ཞུགས་པའི་འཇིག་རྟེན་མིག་རྣམས་ཀྱིས། །བཀའ་བསྟན་མང་པོའི་སྒྲ་བསྒྱུར་གཏན་ཕབ་ནས། །གངས་ཅན་འཕགས་པའི་ཡུལ་གྱི་དོ་ཟླར་བྱས། །རིག་སྔགས་གྲུབ་པ་པདྨ་ཨ་ཀ་རའི། །རྗེས་སུ་འབྲངས་པའི་སྔགས་འཆང་བྱེ་བ་བརྒྱས། །འགྲོ་མང་རིག་འཛིན་གྲལ་དུ་བཅུག་པ་ལ། །སྔ་འགྱུར་གསང་སྔགས་རྙིང་མའི་གྲགས་པ་དཀར། །ད་ལྟར་བསྟན་པའི་ཉི་མ་འོད་འབར་བ། །འདོད་པའི་དབང་ཕྱུག་གཟུགས་གཞན་ཟློས་པའི་གར། །སྡིག་སྤྱོད་དར་མའི་སྒྲ་གཅན་གདོང་པ་ཡིས། །མུན་པའི་རྒྱལ་ཁམས་བཞིན་དུ་ནག་པོར་བསྒྲིབས། །དབུས་གཙང་མི་བཅུར་གྲགས་པའི་དེད་དཔོན་གྱིས། །བསླབ་གསུམ་ཡིད་བཞིན་ནོར་བུ་ཁམས་ནས་བླངས། །བཤད་སྒྲུབ་རྒྱལ་མཚན་རྩེ་ལ་དབུས་གཙང་དུ། །བཀོད་པས་དག་པའི་ཞིང་ཞེས་སྙན་པར་གྲགས། །མི་བདག་ཡེ་ཤེས་འོད་ཀྱི་བཀའ་དྲིན་ལས། །རིན་ཆེན་བཟང་པོས་མདོ་སྔགས་ཡོངས་འདུ་ཡི། །ལྗོན་པ་གངས་ཅན་ལྟོ་བར་སྤྱན་དྲངས་པས། །བོད་ཡུལ་རེ་བའི་བུམ་པ་བདུད་རྩིས་གང་། །བྱང་ཆུབ(ལྷ་བཙུན།)འོད་ཀྱི་ཐུགས་བསྐྱེད་རྟ་བདུན་གྱིས། །མར་མེ་མཛད(ཨ་དྷི་ཤ།)དཔལ་ཉི་མའི་དཀྱིལ་འཁོར་མཆོག །གངས་ཅན་མཁར་དྲངས་བློ་གསལ་པདྨོ་ཡིས། །འདབ་བརྒྱ་ཕྱོགས་སུ་འཛུམ་ལ་བཀའ་གདམས་ཟེར། །བླ་ཆེན(ཤཱཀྱ་ཡེ་ཤེས།)འབྲོག་གི་མ་དྲོས་ཆུ་གཏེར་ལས། །སྲས་ཀྱི་ཆུ་བོ་བཞི་ལས་འབར་གཉིས(དགྲ་ལྷ་འབར། ཞང་སྟོན་ཆོས་འབར།)ཀྱིས། སྨིན་གྲོལ་གདམས་པའི་ཆུ་བོ་མ་ལུས་པ། །ས་སྐྱའི་བླ་ཆེན་ཡིད་བཞིན་རྒྱ་མཚོར་དྲངས། །འཇམ་པའི་དབྱངས་བདུན་རྫོགས་པའི་རོལ་མོ་ཡིས། །ས་གསུམ་སྣང་བ་བདུད་རྩིས་བཀང་ཡང་འདིར། །ཕྲག་དོག་མུན་པའི་ཁུང་བུར་སྦྲུལ་བཞིན་དུ། །གནས་པ་མང་

པོའི་སྙིང་ལ་ཚེར་མ་བཅུག །(སངས་རྒྱས་དཔལ།) གཡག་རོང(སྟོན་ཤེས་བྱ་ཀུན་རིག །)འཆི་མེད་གཞོན་ནུའི(བློ་གྲོས།)ལམ་ཡངས་པོར། །གོ(བོ་རབ་འབྱམས།)ཤཱཀ(སྐྱེ་མཆོག་ལྡན།)ཉི་ཟླ་ཟུང་གི་ཟློས་གར་ལས། །བློ་གསལ་ཆུ་ལས་སྐྱེས་དང་ཀུ་མུ་དའི། །དགའ་ཚལ་གངས་ཅན་ལྟོ་བར་བྱེད་པོས་བཀྲམ། །གངས་རི་ཅན་གྱི་དཔལ་ལྡན་རྡོ་རྗེའི་གདན༑ །ས་སྐྱའི་ཟུར་ཆེན་ཀུན་དགའ་རྣམ་གཉིས་ལས། །ངོར་རྫོང་གཉིས་ཞེས་གངས་ཀྱི་བློ་གྲོས་མའི། ལྟོ་བར་ཆུ་ཀླུང་སྨིན་གྲོལ་མགྲིན་པ་བཞིན། །ཀུན་དགའི་ཕྲིན་ལས་བུམ་བཟང་གཉིས་པོ་ཡིས། །གངས་ཅན་རྡོ་རྗེའི་རིགས་གཅིག་ཏུ་བྱས་ཏེ། །རིགས་ལྡན་མ་གྲགས་བཞི་རིགས་གཅིག་ཉིད་དུ། །བྱས་པས་རིགས་ལྡན་ཞེས་པ་རྒྱལ་བས་བརྫུན། །ན་རོ་མི་ཏྲི་གདམས་པ་མཐོ་རིས་ཀླུང་། །ཆོས་ཀྱི་བློ་གྲོས་བདེ་འབྱུང་རལ་པའི་ནགས། །བསྐལ་པར་འཁྱིལ་སོང་བཀའ་ཆེན་བཞི་དྲངས་ཤིང་། །མི་ལའི་དྲིན་ལས་སྒྲུབ་བརྒྱུད་བསྟན་པ་འཕེལ། །དེ་ལྟར་སྣ་ཚོགས་གྲུབ་པའི་མཐའ་མང་ཡང་། །སྐྱོན་མེད་ལུང་དང་རིགས་པ་མན་ངག་གི། །གྲུབ་པ་ས་སྐྱའི་འཇམ་མགོན་བཀའ་སྲོལ་ཏེ། །འདི་མཆོག་ལེགས་པར་སེམས་ལྡན་སུ་མི་ཤེས། །ཐེག་པ་གསུམ་དང་མཐའ་ཡས་གྲུབ་མཐའ་ཀུན། །སྣ་ཚོགས་ཁམས་ཀྱི་རིམ་པ་དང་འཚམས་པར། །རྒྱལ་བས་ཉོན་མོངས་སྣ་རེའི་གཉན་པོ་རུ། །གསུངས་པ་ཤ་སྟག་དོར་དུ་རུང་བ་མེད། །ཇི་ལྟར་སྨན་པ་མཁས་པའི་སྨན་རྐྱལ་ན། །སྣ་ཚོགས་སྨན་གྱི་བྱེ་བ་མཐའ་ཡས་ཀྱང་། །ནད་རེའི་གཉེན་པོར་འགྲོ་བ་ཤ་སྟག་ལས། །དོར་དུ་རུང་བ་ཅི་ཡང་མེད་པ་བཞིན། །དེ་ལྟར་ནའང་སྨན་རྣམས་ནང་ཕན་ཚུན། །བལྟོས་ནས་རོ་ནུས་ཁྱད་པར་ཡོད་པ་བཞིན། ཐ་དད་གྲུབ་པའི་མཐའ་རྣམ་ནད་ཕན་ཚན། བལྟོས་ནས་

༄༅། །སྨན་མཆོག་ནུས་པ་ཤིན་ཏུ་ཆེ། །བསྟན་ལ་མི་ཕྱེད་དད་པའི་ཀློང་ཡངས་པོར། །བློ་གྲོས་རི་ཡི་དབང་པོར་ཕྲག་དོག་པའི། །ནོར་འཛིན་སྐྱོང་བ་ཕུན་ཚོགས་རྣམ་རྒྱལ་གྱིས། །གསེར་གྱི་མཎྜལ་དང་བཅས་བསྐུལ་བའི་ངོར། །གངས་ཅན་བསྟན་པའི་བདག་པོ་ས་སྐྱ་པ། །བརྒྱུད་པར་བཅས་ལ་ཤེས་ནས་དད་ཐོབ་པ། །སྡེ་སྣོད་གསུམ་པ་དྷརྨཱ་བིཛཡི། །མགྲིན་པར་ལེགས་བཤད་བདུད་རྩིའི་ཆུ་གཏེར་རྡོལ། །གསུང་རབ་ཡིད་བཞིན་རྒྱ་མཚོ་ལས་འོངས་པའི༑ །ལེགས་བཤད་ནོར་བུའི་དོ་ཤལ་ཡིད་འཕྲོག་པ། །སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་ནས། །དེ་རིང་ས་སྤྱོད་མགྲིན་པའི་རྒྱན་དུ་འཕོས། །འདི་ཡི་ཉེས་གང་བདག་བློ་རྨོངས་པའི་འབྲས། །ལེགས་པའི་ཆ་ཀུན་བླ་མ་དམ་པའི་དྲིན། །ཉེས་པར་བཤད་ནས་སྒོ་གསུམ་སྡིག་པ་དང་། །ལྷན་ཅིག་བླ་མའི་སྤྱན་སྔར་མཐོལ་ཞིང་བཤགས། །ཚུལ་འདི་འབད་པས་རྣམ་དཀར་དགེ་བ་གང་། །དུས་གསུམ་དགེ་ཚོགས་གཅིག་ཏུ་བསྡོམས་པའི་མཐུས། །མཁའ་མཉམ་འགྲོ་བའི་ལས་ཉོན་ནད་སྦྱངས་ནས། །ཀུན་མཁྱེན་སྐུ་ལྔའི་གྲོང་དུ་འཁྲིད་པར་ཤོག །ཅེས་པ་འདི་ནི་སྐྱེས་སྦྱངས་ཀྱི་རྣམ་དཔྱོད་མཁའ་ལྟར་ཡངས་ཤིང་། རིགས་རུས་ཆོ་འབྲང་སོགས་མཐོ་རིས་ཀྱི་ཡོན་ཏན་མང་པོས་རྒྱན་གྱི་མཛེས་པ་མིའི་དབང་ཕྱུག་ཕུན་ཚོགས་རྣམ་རྒྱལ་གྱིས་བཀས་བསྐུལ་བའི་ངོར་དགེ་སློང་སྡེ་སྣོད་འཛིན་པ་ཆོས་རྣམ་རྒྱལ་གྱིས་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་མཻ་ཏྲིའི་དྷརྨཱ་ཀིརྟིས་གུས་པར་བགྱིས་སོ།། །། ཚུལ་འདི་བསྟན་པའི་སྣང་བྱེད་ས་སྐྱ་པའི། །ཕྲིན་ལས་སྐྱོང་བ་སངས་རྒྱས་བཟང་པོ་པས། །རྗེས་འཇུག་དོན་གཉེར་ཕན་ཕྱིར་བསྐུལ་བར་བརྟེན། །སྡེ་དགེ་ལྷུན་གྲུབ་སྟེང་ནས་པར་དུ་སྤེལ།། །།སརྦ་མངྒལཾ། །
