ཉི་མའི་རིགས་ཀྱི་རྒྱལ་རབས།
རྩོམ་པར་དམ་བཅའ་བ།
Previous Chapter
Next Chapter

(རྩོམ་པར་དམ་བཅའ་བ།)

རྒྱ་བོད་ཀུན་དུ་མཁས་རྣམས་ཀྱིས། །ཤཱཀྱའི་རྒྱལ་རབས་རྣམ་མང་སྤེལ། །བདག་ཀྱང་ལེགས་བཤད་དེ་རྣམས་ཀྱི། །རྗེས་འབྲང་བདུད་རྩི་བརྟེན་ལ་སྤྲོ། །དཔལ་མོས་རྒྱུད་མངས་སྒྲ་སྙན་སྒྲོགས་ལ་ལྷར་བཅས་འགྲོ་མང་དགའ་ཞིང་ཅོད་པན་འཛིན་པ་ལྟར། །བཟོ་སྦྱངས་མཁས་པས་སྙན་ངགས་གསེར་གྱི་སྲད་པུས་མངར་བས་ས་འཛིན་རིགས་ནི་སྤེལ་ལེགས་ཀྱི། །ཕྲེང་བརྒྱུད་མཛེས་པ་རྣམ་གསལ་བྱེད་དང་བདུད་རྩིའི་འོད་ཅན་བསྡེབ་སྦྱོར་དཀྲིགས་པའི་མདངས་གསལ་འདི། །སྐབས་གསུམ་ལྷ་དང་དཔལ་མགྲིན་བདེ་འབྱུང་གསེར་ཁྱིམ་ལ་སོགས་སྐྱེ་རྒུའི་གཙུག་རྒྱན་མཆོད་པར་རིགས། །        ། །འདིར་བདག་ཅག་གི་སྟོན་པ། སྲིད་པ་གསུམ་གྱི་བླ་མ། ཡང་

3b

དག་པར་རྫོགས་པའི་སངས་རྒྱས་མི་འཇིགས་པའི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་མཛད་པ་ཐུབ་པ་ཆེན་པོ་དེ་དང་རིགས་གཅིག་པའི་གདུང་རྒྱུད་ད་ལྟ་ཆོས་བཞིན་དུ་ས་ཆེན་པོ་སྐྱོང་བར་བྱེད་པའི་བར་དུ། འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་ནང་ན་བླ་མ་དང་མཆོག་དམ་པར་གྱུར་པ་ཤཱཀྱ་རྣམས་ཀྱི་རྒྱལ་རབས་འདི་གཟུང་ཞིང་ཀུན་ཆུབ་པར་བྱེད་པ་ནས་གཞན་ལ་རྒྱ་ཆེར་བསྙད་ན་ཆོས་དང་འཐུན་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེས་འཕེལ་བར་བྱེད་དོ་ཞེས། ཐུབ་མཆོག་ཉིད་ཀྱིས་དྲི་མ་མེད་པའི་གསུང་རབས(འདུལ་བ་ལུང་།)དག་ལས་མངོན་གསུམ་དུ་གསུངས་པས་ན་དེ་བརྗོད་པར་བྱའོ། །(མངོན་པར་འབྱུང་བའི་མདོ།) དེ་ཡང་དྲང་སྲོང་སེར་སྐྱས་སྩལ་བའི་ནོར་འཛིན་གཞིར། །རྐང་འཐུང་ནྱ་གྲོ་ཏའི་བསྐྱེད་མོས་ཚལ། །འཕགས་པའི་བསྟི་གནས་ཀུན་དགའ་ར་བ་དེར། །འོད་བཟང་མཚན་དཔེས་ལྷམ་མེའི་ཐུབ་པ་བཞུགས། །(པདྨ་དཀར་པོ།)སེར་སྐྱའི་རྒྱལ་མང་པུན་དྷ་རི་ཀའི་ཚོགས། །ཤཱཀ་རིགས་གང་ཞེས་མཆིད་ཀྱི་དྲི་ཞིམ་དག །སྤྲོ་སླད་སྐྱེས་མཆོག་ཉི་མ་དེ་དྲུང་སོང་། །ལག་པའི་ཀུ་མུད་ཟུམ་ཞིང་གཡུར་ཟ་ལྡེམ། །ས་དེར་ག་པུར་ས་འཛིན་ཁྲི་ཕྲག་ནི། །བརྒྱ་སྦྱིན་གཞུ་ཡིས་རྣམ་པར་གཡོགས་པ་ཅན། །སྟོན་དུས་སྤྲིན་

4a

༄༅།        །དཀར་འཁྱིལ་བའི་ཅོད་པན་གྱིས། །ལག་པའི་ཁྲི་ཤིང་རྩེ་ལ་བྲེལ་བས་འཁོད། །བདག་ཅག་རྣམས་ལ་མང་པོས་བཀུར་བའི་རྒྱུད། །ཇི་ལྟར་བྱུང་ཞིང་ཐོག་མ་གང་ཡིན་ཞེས། །འདྲི་བར་བགྱིད་ལ་ལན་དུ་མི་འཚལ་བས། །དུས་གསུམ་གཟིགས་པས་ལུང་བསྟན་སྩོལ་ཞེས་ཞུས། །ཐུབ་མཆོག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཕྱིར། །མ་བརྟགས་བྱ་བ་མི་མངའ་ཤཱཀྱའི་རབས། །ཁོ་བོས་སྨྲས་ན་རང་རིགས་བསྟོད་བྱས་ཞེས། །ཀུན་ཏུ་རྒྱུ་གཞན་མུ་སྟེགས་རྒོལ་དུ་དོགས། །རི་དྭགས་དབང་པོའི་གཟིགས་སྟངས་ཀྱིས་གཟིགས་ནས། །རྫུ་འཕྲུལ་མཆོག་གྱུར་མེ་འགལ་བུ་ཉིད་ལ། ཁྱོད་ཀྱིས་ཤཱཀྱའི་རིགས་བརྒྱུད་ལས་བརྩམས་ཏེ། །ཆོས་ཀྱིས་འཕེལ་བའི་གཏམ་ལ་སྤོབས་པར་གྱིས། །བཀའ་སྩལ་གྱུར་ནས་སྲིད་ལས་རྣམ་གྲོལ་དེས། །སྔོན་རབས་རིགས་བཟང་བལྟ་བའི་ཏིང་འཛིན་གྱིས། །མཐོང་ནས་ཚོགས་ཀྱི་དབུས་སུ་ཁྲི་ལ་འཁོད། །ཤཱཀ་རིགས་རྣམས་ནི་ཆོས་ཀྱིས་མགུ་བར་བྱས། །རྒྱལ་བས་གསེར་རིའི་བར་འཚམས་བདུད་རྩིའི་འོད། །ཀུན་ནས་འཁྲིགས་ལྟའི་འཚེམས་ཕྲེང་འཛུམ་བཞིན་

4b

དུ། ཁྱོད་ཀྱིས་ཤཱཀ་རིགས་རྣམས་ལ་ཆོས་ཀྱི་སྒྲོས། །ལེགས་པར་སྨྲས་ཞེས་མེ་འགལ་བུ་ལ་བསྔགས། །དགེ་སློང་རྣམས་དང་སྐྱེ་བོའི་ཚོགས་དག་ལ། ཁྱེད་ཀྱིས་ཤཱཀྱའི་རྒྱུད་ལས་ཆོས་ཀྱི་གཏམ། །ཐོས་པས་ཆོས་ལྡན་དོན་བཅས་ཚངས་པར་སྤྱད། །(འདུལ་ལུང་དང་མདོ་སྡུད་པར།)གཟུང་ཞིང་གཞན་ལའང་སྟོན་པར་རིགས། ། (ཤིན་ཏུ་རྒྱས་པའི་མདོ་ལས་ཀྱང་།)ཐུབ་པའི་རིགས་བཟང་རྣམས་མང་ནི། །ལེགས་པར་བཤད་པས་གཟུང་བྱས་ཤིང་། །གཞན་ལ་སྟོན་པ་སུ་བྱེད་པ། །འདི་དག་བསམ་གྱིས་མི་ཁྱབ་འགྱུར། །དེ་ལ་བརྩོན་འགྲུས་སྐྱེད་བྱས་ཤིང་། །ཡིད་ཀྱིས་གོ་ཆ་བགོ་བྱས་ནས། །གང་ལ་སངས་རྒྱས་རིགས་བརྗོད་པར། །ཤེས་པ་འདི་འདྲ་མཉན་པར་བྱ། །ཅེས་བཀའ་སྩལ་པ་ལྟར་བརྗོད་པར་བྱ་སྟེ། དེའང་། སྐྱེས་སྟོབས་སྦྱངས་པའི་བློ་གྲོས་གསལ་ལྡན་པས། །གསུང་རབ་དོན་གྱི་དབང་འདི་ཁོ་བོས་མཐོང་། །བསྟོད་པས་རོ་འཛིན་དོན་ལྡན་བསྒྲུབས་པ་ན། །གཟུར་གནས་དགའ་ཞིང་སྤྱི་བོར་བསྟེན་པར་བགྱིས། །བཀའ་དང་བསྟན་བཅོས་རིན་ཆེན་དབྱིངས་ལས་འོངས། །ས་སྐྱོང་འབུམ་ཕྲག་རིགས་བརྒྱུད་ཕུན་ཚོགས་རབས། །རྣམ་པར་གསལ་བྱེད་བདུད་བརྩིའི་འོད་ཅན་ཕྲེང་། །

5a

༄༅།        །སྤེལ་ལེགས་སྐྱེ་དགུའི་གཙུག་རྒྱན་བྲི་བར་བྱ། །        ། །


འདིར་མང་པོས་བཀུར་བ་ནས་བརྩམས་ཏེ་དེ་ལྟར་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་མཛད་པ་ཤཱཀྱའི་རིགས་རྒྱུད་ཕུན་སུམ་ཚོགས་པའི་དཔལ་གྱིས་ལེགས་པར་བརྒྱན་པ་དང་བཅས་པའི་གདུང་རབས་ཉི་ཟླའི་ཕྲེང་བ་རྣམ་པར་སྤེལ་བ་ལྟ་བུ་འདི་བརྗོད་པར་བྱ་བ་ལ་དོན་གཉིས་ཀྱིས་བསྟན་ཏེ། དེའང་མདོ་ལས། འཇིག་རྟེན་ནི་རྣམ་པ་གཉིས་ཏེ། སྣོད་དང་འདུ་བྱེད་ཀྱིས་བཟུང་བའི་སེམས་ཅན་ནོ། །ཞེས་གསུངས་པས་སོ། །