(དང་པོ། སངས་རྒྱས་ཀྱི་ཞིང་ཁམས་སྤྱིར་བསྟན་པ།)
དང་པོ་ནི། ཉི་ཟླ་བྱེ་བ་ཕྲག་བརྒྱས་རྣམ་ཕྱེ་བའི། །གླིང་བཞིའི་པད་ཚལ་ཐེར་འབུམ་དཀྲིགས་པ་ལ། །འཁོར་ཡུག་ཟླུམ་པོས་ཆོས་བསྐོར་བཟོད་པ་སྟེ། །ཤཱཀ་ཐུབ་མཚན་གྱི་རྣམ་གྲངས་རྣམ་སྣང་བཞུགས། །ཞིང་རྡུལ་བཅུ་གསུམ་རྡུལ་སྙེད་ཞིང་གིས་བསྐོར། །སྟོང་གསུམ་གཅིག་ཆར་ཁ་དོག་སྣ་ཚོགས་པའི། །དྲི་ལེན་གྱིས་བཟུང་རྡོ་རྗེའི་གཞི་ལ་གནས། །པད་མོའི་དྲ་བ་
བྲིས་འདྲ་འཁྱིལ་ཞིང་མཛེས། །འདི་སོགས་རྒྱལ་བ་སྤྲུལ་སྐུའི་འཇིག་རྟེན་ཁམས། །སྣ་ཚོགས་མདོག་དབྱིབས་མི་འདྲ་བསམ་མི་ཁྱབ། །རྒྱ་མཚོའི་དཔལ་ཏེ་ཀུན་ནས་གྲུ་བཞིར་གནས། །གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་ཟེར། །སྣ་ཚོགས་རླུང་གི་སྟེང་ན་སྤོས་ཆུའི་མཚོ། །རིན་ཆེན་འདབ་སྟོང་རྡོ་རྗེའི་གཞི་ལྟར་མཁྲེགས། །ནོར་བུའི་རྒྱལ་པོ་ཉི་མའི་སྙིང་པོས་བསྟེན། །ལྗོན་ཤིང་རྒྱུད་ཀྱི་རྒྱ་མཚོའི་གོས་ཅན་འབྱུང་། །དེ་ལྟར་སངས་རྒྱས་དུ་མའི་ཞིང་ཁམས་ཀྱི། །སྣོད་བཅུད་རྒྱུ་དང་གཟུགས་འོད་ཡ་མཚན་ཅན། །འཇམ་ཀླས་བཀྲམ་པ་ཞིང་ཁམས་རྒྱ་མཚོ་སྟེ། །སངས་རྒྱས་རྣམ་པར་སྣང་མཛད་གངས་ཆེན་མཚོའི། །མཉམ་གཞག་ཕྱག་གི་མཐིལ་ན་གནས་པ་ཡང་། །རྒྱལ་བ་བྱང་སེམས་དུ་མས་ཡོངས་བསྐོར་བ། །ལོངས་སྤྱོད་རྫོགས་སྐུའི་ཞིང་སྟེ་དུ་མ་རྣམས། །བརྩེགས་པའི་བཅུ་གསུམ་གྱུར་པ་མི་འཇེད་ཡིན། །དེའང་ཇི་ལྟ་བུ་ཞེ་ན། མདོ་ལས། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ནི། དེ་བཞིན་གཤེགས་པ་ཡེ་ཤེས་གངས་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་ཕྱག་གི་མཐིལ་གྱི་སྙིང་པོ་ལ་འདུག་པ། སངས་རྒྱས་ཀྱི་
༄༅། །སྐུའི་དབྱིབས་ལྟར་སྣང་བ། སངས་རྒྱས་ཀྱི་ཕྱག་ལ་གནས་པ་དང་མི་འཐུན་པ་དང་། མི་མཐུན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་སྙེད་ཀྱི་སྐུའི་དབྱིབས་སུ་འདུག་པ་ཤ་སྟག་གིས་བསྐོར་བ་སྟེ། དེ་ཡང་གངས་ཆེན་མཚོའི་དབྱིབས་སྤོས་ཆུའི་རྒྱ་མཚོ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་བ་སྙེད་ཀྱིས་བསྐོར་བའི་དབུས་མ་ནི། ཟེ་འབྲུའི་ཡིད་དུ་འོང་བ་ཕྱོགས་ཀུན་ནས་རིན་པོ་ཆེ་འབར་བའི་འོད་ཟེར་སྣང་བའི་རྡུལ་ཕྲ་བ་སྙེད་ཀྱིས་བསྐོར་བ་མང་པོ་སྟེང་ནས་སྟེང་དུ་བརྩེགས་པ་ཐམས་ཅད་ཀྱི་འོག་མ་ནི། དཔལ་འབྱུང་བའི་གསེར་སྣང་བ་ཞེས་བྱ་བ། རྡོ་རྗེ་རིན་པོ་ཆེས་གཡོགས་པ་ན། སངས་རྒྱས་ཚུལ་ཁྲིམས་དག་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་བ་སྙེད་འཕགས་ཞིང་རྡུལ་ཕྲ་རབ་ཀྱིས་བསྐོར་བ། ཞིང་ཁམས་སྤོས་སྣ་ཚོགས་ཀྱི་པད་མའི་དཔལ་ཞེས་བྱ་བ། སེང་གེའི་དབྱིབས་ལྟ་བུ། མུ་ཏིག་གི་བླ་རེས་བྲེས་པ་ན། སངས་རྒྱས་སེང་གེའི་འོད་ཟེར་མཆོག་འོད་ཅེས་བྱ་བ་བཞུགས་སོ། །དེའི་སྟེང་ན་ཞིང་རྡུལ་གསུམ་གྱིས་བསྐོར་བའི་ཞིང་ཁམས་རིན་པོ་ཆེ་རྒྱུན་ཀུན་དུ་སྣང་བ། སྤོས་ཀྱི་རླུང་གི་ས་འཚམས་ཅན། མེ་
ཏོག་གི་ཕྲེང་བ་བརྒྱན་པ། ནོར་བུ་བཟང་པོའི་ཉི་མའི་སྤྲིན་གྱིས་ཁྱབ་པ་ཞེས་བྱ་བ་ན། སངས་རྒྱས་འོད་ཟེར་དྲི་མ་མེད་པའི་ཡེ་ཤེས་ཀྱི་དཔལ་བཞུགས་སོ། །དེའི་སྟེང་ན་ཞིང་འོད་སྣ་ཚོགས་ཡིད་འོང་ཞེས་བྱ་བ། རྡོ་རྗེའི་བྲག་གི་མཚོ་ལ་འདུག་པ། པད་མའི་དབྱིབས་ཅན་རྡོ་རྗེའི་ཆེས་འབར་བས་བརྒྱན་པ་ཞེས་བྱ་བ་ན། སངས་རྒྱས་རྡོ་རྗེ་འོད་ཟེར་སྟོབས་བརྩོན་འགྲུས་མཐའ་ཡས་དག་པར་འབྱུང་བ་བཞུགས་སོ། །དེའི་སྟེང་ན་ཞིང་ཁམས་འོད་ཤིན་ཏུ་བཀྱེ་བའི་མེ་ཏོག་སིལ་མའི་འཁོར་ཞེས་བྱ་བ། ཀྲྭ་དུ་མའི་དབྱིབས་ཅན་དེ་ན། སངས་རྒྱས་སྤོས་ཀྱི་འོད་ཟེར་དགའ་བའི་སྟོབས་རྒྱ་མཚོ་བཞུགས་སོ། །དེའི་སྟེང་ན་ཞིང་ཁམས་དགེ་བ། སྣ་ཚོགས་ཀྱི་རྣམ་པ་ཞེས་བྱ་བ་ན། སའི་རྒྱ་མཚན་གྱི་རྒྱན་གྲུ་བཞིའི་དབྱིབས་ཅན་གཙུག་གི་ནོར་བུས་བྲེས་པ་ན། སངས་རྒྱས་ཀུན་དུ་སྣང་བའི་འོད་ཀྱི་དབང་པོ་བཞུགས་སོ། །དེའི་སྟེང་ན་ཞིང་ཁམས་རྒྱན་གྱི་འོད་ཟེར། མེ་ཏོག་ཤིན་དུ་རྒྱས་པ་ཁང་པ་བརྩེགས་པའི་དབྱིབས་ཅན་ཁ་དོག་སྣ་ཚོགས་ཀྱི་གོས་དང་། མུ་ཏིག་གིས་བྲེས་པ་དེ་ན། སངས་རྒྱས་དགའ་བ་རྒྱ་མཚོའི་ཤུགས་ཡོན་ཏན་གྲགས་པའི་དབང་ཕྱུག་འོད་ཟེར་བཞུགས་སོ། །
༄༅། །དེའི་སྟེང་ན་ཞིང་ཁམས་ཡང་དག་པར་འབྱུང་བའི་གཟི་བརྗིད་ཅེས་བྱ་བ། སྒྲ་སྟོང་པའི་ས་འཚམས་ཅན་ནོར་བུ་སྣ་ཚོགས་པའི་པད་མ་ལ་འདུག་པ། མིག་འཕྲུལ་གྱི་དབྱིབས་ཅན་མེ་ཏོག་གི་དྲ་བས་གཡོགས་པ་ན། སངས་རྒྱས་གྲགས་པ་རྒྱ་ཆེན་པོའི་ཡེ་ཤེས་རྒྱ་མཚོའི་རྒྱལ་མཚན་བཞུགས་སོ། །དེའི་སྟེང་ན་ཞིང་ཁམས་སྒྲ་དབྱངས་རབ་ཏུ་སྒྲོགས་པ་ཞེས་བྱ་བ། ཡིད་བཞིན་རྒྱལ་པོའི་འཁོར་ལོའི་ཤིང་གི་ས་འཚམས་ཅན། ཚངས་པའི་ལུས་ཀྱི་དབྱངས་ལྟར་འདུག་པ་སེང་གེའི་སྤྲིན་རིན་པོ་ཆེས་བྲེས་པ་དེ་ན། སངས་རྒྱས་མཚན་གྱི་གཟི་བརྗིད་ཐུབ་པ་མེད་པའི་ཟླ་བ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་ཞིང་ཁམས་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། མུ་ཏིག་གི་སྲད་བུ་འཆང་བ། རིན་པོ་ཆེའི་རྒྱན་གྱི་ས་འཚམས་ཅན། ནོར་བུའི་རྒྱ་མཚོ་ལས་གནས་པ། ཀུན་ནས་ཟླུམ་པོའི་དབྱིབས་ཅན། སྤོས་དང་ནོར་བུ་ཁ་དོག་སྣ་ཚོགས་ཀྱིས་བརྒྱན་པ་དེ་ན། སངས་རྒྱས་ཆོས་ཀྱི་རྒྱ་མཚོ་ཀུན་གྱིས་འཕགས་པའི་རྒྱལ་པོ་བཞུགས་སོ། །དེའི་སྟེང་ན་ཞིང་ཁམས་ས་འཚམས་མདོག་རྣམ་པར་སྣང་བ་ཞེས་བྱ་བ་ན། རྡོ་རྗེ་ཕ་ལམ་ལྟར་བསྲ་བའི་འཚམས་ཅན་ཟླ་བ་ཁམ་
པའི་དབྱིབས་ལྟར་དེ་ན། སངས་རྒྱས་རྒྱལ་བའི་ཡོན་ཏན་ཆོས་ཉིད་ཚད་མེད་པ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་ཞིང་ཁམས་སྣང་བའི་མདོག་ཅེས་བྱ་བ། འོད་ཟེར་བརྒྱས་ཀུན་དུ་སྣང་བའི་ས་མཚམས་ཅན། སྤོས་ཆུའི་རྒྱ་མཚོ་མེ་ཏོག་གི་ཀློང་ཅན་གྱི་གངས་ཆེན་མཚོ་ལ་རབ་ཏུ་གནས་པ། མེ་ཏོག་འཁྱིལ་པའི་དབྱིབས་ཅན་གོས་སྣ་ཚོགས་ཀྱི་སྤྲིན་གྱིས་གཡོགས་པ་དེ་ན། སངས་རྒྱས་ཚངས་པའི་དབང་པོའི་དཔལ་བཞུགས་སོ། །དེའི་སྟེང་ན་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་བ་སྙེད་འདས་པ་ན། མི་མཇེད་ཅེས་བྱ་བ་སངས་རྒྱས་ཀྱི་ཞིང་བཅུ་གསུམ་གྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཞིང་གི་འཁོར་ཀྱིས་བསྐོར་བའི་རྡོ་རྗེའི་གཞིའི་ས་འཚམས་ཅན། རླུང་གི་དཀྱིལ་འཁོར་ཁ་དོག་སྣ་ཚོགས་ཅན་གྱིས་ཤིན་དུ་བཟུང་བ། པདྨའི་དྲ་བ་ལ་གནས་པ། ཀུན་ནས་ཟླུམ་པོའི་དབྱིབས་ཅན། ནམ་མཁའི་ཁྱོན་དུ་ལྷའི་ཁང་པ་ཅན་གྱིས་བརྒྱན་པ་འདི་ཉིད་ཡོད་དོ། །དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འདི་བཞུགས་སོ། །དེའི་སྟེང་ན་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་བ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རྡུལ་མེད་པའི་འོད་ཅེས་བྱ་བ་
༄༅། །ཞིང་རྡུལ་བཅུའི་རྡུལ་ཤིན་དུ་ཕྲ་བ་སྙེད་ཀྱི་ཞིང་གིས་བསྐོར་བ་རིན་པོ་ཆེའི་རྒྱན་གྱི་ས་འཚམས་ཅན་ནོར་བུའི་གོས་སྣ་ཚོགས་ཀྱི་རྒྱ་མཚོ་ལ་གནས་པ་རྡོ་རྗེའི་དབྱིབས་ཅན་རྡོ་རྗེའི་སྤྲིན་མཐའ་ཡས་པས་གཡོགས་པ་དེ་ན་སངས་རྒྱས་ཆོས་དབྱིངས་ཤིན་ཏུ་འཕགས་པ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་ཞིང་ཁམས་འོད་སྣ་ཚོགས་ཡིད་དུ་འོང་བའི་མར་མེ་ཅེས་བྱ་བ་ན་སྟོབས་གཞན་གྱིས་ཐུབ་པ་མེད་པ་ཀུན་དུ་སྣང་བའི་དཔལ་ཞེས་བྱ་བ་བཞུགས་སོ། །ཅེས་སོགས་ཀྱི་ཞིང་ཁམས་བརྒྱ་ཕྲག་བརྩེགས་པའི་གཟུགས་ཚད་སངས་རྒྱས་ཀྱི་མཚན་སོགས་གསུངས་སོ། །གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་ཞིང་གི་ཚད་རྣམས་ནི་འཕགས་པ་ཨ་ཙ་ལའི་རྟོགས་པ་ཕལ་པོ་ཆེའི་མདོ་དང་ལག་ན་རྡོ་རྗེ་དབང་བསྐུར་བ་རྣམས་སུ་ཤེས་པར་བྱའོ། །བཟོད་དཀའི་ཞིང་འདི་ཉིད་ཀྱི་གླིང་བཞི་པ་འདི་ཁོ་ནར་ཡང་བསྟན་པའི་མངའ་བདག་སྟོན་པ་འདིའི་མཚན་གྱི་རྣམ་གྲངས་ནི། དོན་ཐམས་ཅད་གྲུབ་པ། གཽ་ཏ་མ། ཤཱཀྱ་ཐུབ་པ། ཟླ་བའི་དཀྱིལ་འཁོར། དྲང་སྲོང་དམ་པ། སེང་གེའི་ང་རོ། མུ་ཏེགས་འདུལ་བ། དགེ་སྦྱོང་ཆེན་པོ། རྒྱལ་བ་དམ་
པ། རྣམ་པར་སྣང་མཛད་སོགས་ཏེ་སྟོང་ཕྲག་བཅུར་བཤད་དོ། །ཞིང་ཁམས་འདི་དང་འདབས་ཆགས་སུ། འཇིག་རྟེན་གྱི་ཁམས་ཤར་ཕྱོགས་ན་གླིང་བཞི་བསྲུང་བ། ལྷོ་ཕྱོགས་ན་གླིང་བཞི་བཟོད་པར་དཀའ་བ། ནུབ་ཕྱོགས་ན་གཉེན་ལྡན། བྱང་ཕྱོགས་ན་གླིང་བཞི་སེང་གེ་ཡོད་ཅེས་བྱ་བ་དང་། བྱང་ཤར་ན་རྣམ་པར་བསགས་པ། ཤར་ལྷོ་ན་དགའ་བ། ལྷོ་ནུབ་ན་སྙིང་པོ་དམ་པ། ནུབ་བྱང་ན་ས་བཟང་པོ། འོག་ཕྱོགས་ན་འོད་འཕྲོ་ཅན། སྟེང་ཕྱོགས་ན་ནོར་འཛིན་ཞེས་བྱ་བ་ཡོད་དེ། ཞིང་དེར་ཡང་སྟོན་པ་ཐུབ་ཆེན་འདིའི་མཚན་ཚུལ་ཁྲིམས་ལྡན་ཞེས་བྱ་བ་ལ་སོགས་པ་ཁྲི་ཕྲག་ཏུ་གསུངས་ལ། ཞིང་ཁམས་དེ་དག་རེ་རེར་ཡང་མཚན་གྱི་རྣམ་གྲངས་སྟོང་ཕྲག་བཅུ་བཅུར་ཤེས་སོ། །དེ་ལྟར་བྱེ་བ་ཕྲག་བརྒྱ་པའི་གླིང་བཞི་པ་རྣམས་སུ་ཡང་མཚན་སྟོང་ཕྲག་བཅུ་བཅུར་གནས་སོ་ཅེས་དང་། མི་མཇེད་འདི་དང་འདབས་ཆགས་སུ། དེ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཤར་ཕྱོགས་ན་ཁྱེབས་པ་དང་ལྡན་པ། ལྷོ་ཕྱོགས་ན་ལྷག་པ། ནུབ་ཕྱོགས་ན་རྡུལ་གསལ་བ། བྱང་ཕྱོགས་ན་རྣམ་པར་འབྱུང་བ། བྱང་ཤར་ན་འཕོ་བྱེད། ཤར་ལྷོ་
༄༅། །ན་ཕན་པ་ཞེས་བྱ་བ། ལྷོ་ནུབ་ན་ཀུན་ཏུ་བཟང་པོ། ནུབ་བྱང་ན་ཡོངས་སུ་དགའ་བ། འོག་ཕྱོགས་ན་མི་ཆེན་པོ། སྟེང་ཕྱོགས་ན་དབྱངས་སྒྲོགས་ཞེས་བྱ་བ་ཡོད་དོ། །དེ་ན་དཔའ་བའི་རྒྱལ་མཚན། དཔལ་འབྱུང་བ། ཐམས་ཅད་ཀྱི་བདག་པོ་སོགས་སུ་ཤེས་པར་བྱའོ། །ཅེས་དང་། གཞན་ཡང་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཀླས་པར་ཡོངས་སུ་ཤེས་སོ་ཞེས་བཤད་དོ། །