ཉི་མའི་རིགས་ཀྱི་རྒྱལ་རབས།
༡. ཇི་ལྟར་ཆགས་པའི་ཚུལ།
Previous Chapter
Next Chapter

(༡. ཇི་ལྟར་ཆགས་པའི་ཚུལ།)

དང་པོ་ནི། འོད་གསལ་བའི་ལྷ་ནས་ཚེ་དང་ལས་དང་བསོད་ནམས་ཟད་ནས་ཤི་འཕོས་པ་བསམ་གཏན་དང་པོའི་གཞལ་ཡས་ཁང་སྟོང་པར་སྐྱེ་བའོ། །དེ་གཅིག་པུར་གྱུར་པས་སྐྱོ་སྟེ་བདག་དང་སྐལ་བ་མཉམ་པ་གཞན་དག་ཀྱང་འདིར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེའི་སྨོན་ལམ་ལས་སྐྱེས་པ་མ་ཡིན་ཡང་བྱ་རོག་དང་ཏ་ལའི་ཚུལ་དུ་བསམ་གཏན་གཉིས་པའི་ལྷ་ཚེ་དང་ལས་དང་བསོད་ནམས་ཟད་པ་ཤི་ནས་དེར་སྐྱེའོ། །དེའི་ཕྱིར་དང་པོར་སྐྱེས་པ་ནི་ལུས་ཆེ་བ་དང་འབྱིན་པ་སོགས་སེམས་པའི་ཕྱིར་ཚངས་པ་ཆེན་པོ་དང་། མེས་པོ་དང་། གཙོ་བོ་ཞེས་བྱ་བ་ཡིན་ནོ། །མུ་སྟེགས་པ་དག་གིས་ནི་གསེར་གྱི་པད་མའི་སྙིང་པོ་ལས་སྐྱེས་པའི་ཕྱིར་གསེར་གྱི་སྙིང་པོ་ཅན་དང་། པདྨའི་སྐྱེ་གནས་པ་ཅེས་ཀྱང་སྒྲགས་སོ། །ཕྱིས་སྐྱེས་པ་དེ་དག་ནི་ལུས་ཆུང་པ་དང་དེའི་བསོད་ནམས་ལས་སྐྱེས་པར་སེམས་པའི་ཕྱིར་འཁོར་བ་ཡིན་ནོ། །དེ་བཞིན་དུ་རིམས་ཀྱིས་ཚངས་པའི་མདུན་ན་འདོན་དང་། ཚངས་རིས་དང་།

22a

༄༅།        །གཞན་འཕྲུལ་དབང་བྱེད་ལ་སོགས་པ་འདོད་པའི་ལྷ་རྣམས་རིམས་ཀྱིས་འཆགས་ཤིང་། དེའི་རྗེས་ལ་རིམ་པ་ལྟར་བྱང་དང་ནུབ་དང་ལྷོའི་གླིང་གི་མི་རྣམས་སྐྱེ་ལ། དེ་ནས་གླིང་གསུམ་དུ་མི་དགེ་བ་ཆུང་ངུ་དང་འབྲིང་དང་ཆེར་སྤྱད་པ་རིམ་པ་ལྟར་ཡི་དགས་དང་དུད་འགྲོ་དང་དམྱལ་བ་རྣམས་སུ་སྐྱེས་ཏེ་གང་གི་ཚེ་མནར་མེད་དུ་སེམས་ཅན་གསར་དུ་སྐྱེས་པ་དེའི་ཚེ་འཆགས་པ་རྫོགས་པ་ཡིན་ནོ། །བསམ་གཏན་གཉིས་པ་དང་གསུམ་པ་དག་འཆགས་ནའང་ཚུལ་དེ་ཉིད་ཡིན་ནོ། །