ཉི་མའི་རིགས་ཀྱི་རྒྱལ་རབས།
༢. དེ་དག་གི་ལུས་ཚད་ལ་སྭོགས་པ་བཤད་པ།
Previous Chapter
Next Chapter

(༢. དེ་དག་གི་ལུས་ཚད་ལ་སྭོགས་པ་བཤད་པ།)

གཉིས་པ་དེ་དག་གི་ལུས་ཚད་ལ་སོགས་པ་བཤད་པ་ལ། ངན་སོང་གསུམ་གྱི་ལུས་ཚད་ནི་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་མཛོད་དུ་མ་བསྟན་ལ། སའི་དངོས་བཞི་ལས་ཀྱང་ངན་སོང་གསུམ་མི་དགེ་བ་ཆེ་ཆུང་གིས་ལུས་ཆེ་ཆུང་དུ་གྱུར་པ་ཙམ་མ་རྟོགས་གསལ་བར་མ་གསུངས་སོ། །མི་རྣམས་ལས་འཛམ་བུ་གླིང་པའི་མི་རྣམས་ཀྱི་ལུས་ཚད་ནི་ཆེ་བ་རྣམས་ཁྲུ་བཞི་པ་དང་ཆུང་བ་རྣམས་ཕྱེད་དང་བཞི་པ་སྟེ། ཁྲུ་ནི་འོག་ནས་འཆད་པའི་ཕྲ་རབ་རྡུལ་ལ་སོགས་པ་བསགས་པའི་ཚད་དང་ལྡན་པ་ཡིན་གྱི་རང་རང་གི་ཁྲུ་ནི་མ་ཡིན་ནོ། །སའི་དངོས་གཞི་ལས་ནི། འཛམ་བུ་གླིང་གི་མི་རྣམས་ཀྱི་ལུས་ཀྱི་ཚད་ནི་ངེས་པ་མེད་ཏེ། རེས་འགའ་ནི་ཆེན་པོ་འགྱུར་རོ། །རེས་འགའ་ནི་ཆུང་

22b

ངུར་འགྱུར་ཏེ། དེ་ཡང་རང་རང་གི་ཁྲུ་ཚད་ཕྱེད་དང་བཞིའོ། །ཞེས་བཤད་དོ། །ཤར་ལུས་འཕགས་པོ་དང་། ནུབ་བ་ལང་བརྗོད་དང་། བྱང་སྒྲ་མི་སྙན་པ་ཞེས་བྱ་བ་རྣམས། རིམ་པ་ལྟར་སྔ་མ་སྔ་མ་ཉིས་འགྱུར་གྱིས་བསྐྱེད་པ་ཁྲུ་བརྒྱད་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་པ་སྟེ། དེ་དག་ཀྱང་འཛམ་བུ་གླིང་པའི་ཁྲུའི་དབང་དུ་བྱས་ཀྱི། སའི་དངོས་གཞི་ལས། ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ངེས་པ་ཡིན་ཏེ། དེ་དག་ཀྱང་རང་གི་ཁྲུ་ཚད་ཕྱེད་དང་བཞི་པ་སྟེ་ལུས་ཤིན་ཏུ་ཆེ་བའོ། །ཤར་ཀྱི་ལུས་འཕགས་པ་ཇི་ལྟ་བ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱང་ལུས་ཤིན་དུ་ཆེའོ་ཞེས་རང་རང་གི་ཁྲུ་བཞི་པའམ་ཕྱེད་དང་བཞི་པ་ཁོ་ནར་བཤད་ལ། གླིང་ཕྲན་གྱི་མི་རྣམས་ནི་གཙོ་བོའི་གླིང་གི་མིའི་ལུས་ཀྱི་ཕྱེད་ཕྱེད་དང་ལྡན་ནོ་ཞེས་གྲགས་སོ། །སློབ་དཔོན་གང་བ་སྤེལ་གྱིས་ཀྱང་་བར་གྱི་གླིང་བརྒྱད་པོ་དེ་དག་ཐམས་ཅད་ནི་ལས་ངན་པའི་དབང་གིས་གྲུབ་པ་ཞིག་ཏེ། དེའི་ཕྱིར་དེ་ན་གནས་པའི་མི་རྣམས་ནི་ལུས་ཆུང་བ་ཡིན་ནོ་ཞེས་བཤད་དོ། །འདོད་པ་དང་ལྡན་པའི་ལྷ་དྲུག་པོའི་ལུས་ཚད་ནི་རྒྱལ་ཆེན་རིས་བཞི་པ་རྒྱང་གྲགས་བཞི་ཆ་ཡིན་པ་ནས་གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་དག་ཕྱེད་དང་གཉིས་ཀྱི་བར་

23a

༄༅།        །དུ་འོག་མ་ལས་གོང་མ་རྒྱང་གྲགས་བཞི་ཆ་རེས་བསྐྱེད་པའོ། །སའི་དངོས་གཞི་ལས་ནི། སུམ་བཅུ་རྩ་གསུམ་པ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་པས་ལྷག་གོ། །ལྷའི་དབང་པོ་རྒྱ་སྦྱིན་གྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། །དེ་ཡན་ཆད་ནི་བཞི་ཆ་རེ་རེ་ལྷག་པར་བལྟ་བར་བྱའོ། །ཞེས་པ་དང་། ལྷ་མ་ཡིན་གྱི་ལུས་ནི་སུམ་བཅུ་རྩ་གསུམ་པའི་ལྷའི་ཚད་བཞིན་ཏུ་རྣམ་པར་བཞག་པར་རིག་པར་བྱའོ། །ཞེས་བཤད་དོ། །གཟུགས་ཅན་གྱི་ལྷ་རྣམས་ཀྱི་དང་པོ་ཚངས་རིས་པའི་ལུས་ཚད་དཔག་ཚད་ཕྱེད་པ་དང་། ཚངས་རིས་པ་དེའི་གོང་མ་ཚངས་པ་མདུན་ན་འདོན་པ་དང་། ཚངས་པ་ཆེན་པོ་དང་། འོད་ཆུང་བ་རྣམས་ཀྱི་ལུས་ནི་རིམ་པ་ལྟར་དཔག་ཚད་ཕྱེད་ཕྱེད་ཀྱིས་བསྐྱེད་པ་དཔག་ཚད་གཅིག་དང་། ཕྱེད་དང་གཉིས་དང་། གཉིས་ཡིན་ནོ། །ཚད་མེད་འོད་ཡན་ཆད་ནི་ལུས་ཉིས་འགྱུར་གྱིས་ཆེ་སྟེ་འོན་ཀྱང་སྤྲིན་མེད་པ་དཔག་ཚད་གསུམ་དོར་བ་ནི་ཁྱད་པར་ཡིན་ནོ། །དེ་ཡང་འདི་ལྟར། ཚད་མེད་འོད་དཔག་ཚད་བཞི། འོད་གསལ་བ་བརྒྱད་དང་། དགེ་ཆུང་བ་བཅུ་དྲུག་དང་། ཚད་མེད་

23b

ཚད་མེད་དགེ་བ་སུམ་བཅུ་རྩ་གཉིས་དང་། དགེ་རྒྱས་པ་དྲུག་བཅུ་རྩ་བཞི་དང་། སྤྲིན་མེད་པ་དཔག་ཚད་བརྒྱ་ཉི་ཤུ་རྩ་བརྒྱད་ལ་གསུམ་དོར་བའི་བརྒྱ་ཉི་ཤུ་རྩ་ལྔ་དང་། བསོད་ནམས་སྐྱེས་པ་ཕྱེད་དང་སུམ་བརྒྱ་དང་། འབྲས་བུ་ཆེ་བ་ལྔ་བརྒྱ་དང་། མི་ཆེ་བ་སྟོང་དང་། མི་གདུང་བ་ཉིས་སྟོང་དང་། གྱ་ནོམ་སྣང་བ་བཞི་སྟོང་དང་། ཤིན་ཏུ་མཐོ་བ་བརྒྱད་སྟོང་དང་། འོག་མིན་པ་ཁྲི་དྲུག་སྟོང་ངོ་། །གཟུགས་མེད་ན་ནི་ལུས་མེད་པས་ལུས་ཀྱི་ཚད་མེད་ལ། དེ་ན་སྤྲུལ་པའི་གཟུགས་ཡོད་པར་འདོད་པ་ལྟར་ནའང་ཚད་ངེས་པ་མེད་དོ། །ཚེའི་ཚད་བསྟན་པ་ནི་བྱང་གི་སྒྲ་མི་སྙན་ན་ནི་ཚེ་ལོ་སྟོང་ཐུབ་སྟེ་ནུབ་དང་ཤར་གྱི་གླིང་གཉིས་ན་ནི་རིམ་པ་བཞིན་སྔ་མ་སྔ་མའི་ཕྱེད་ཕྱེད་སྤངས་པས་ལྔ་བརྒྱ་དང་ཕྱེད་དང་སུམ་བརྒྱ། འཛམ་བུ་གླིང་འདི་ན་ཚེའི་ཚད་མ་ངེས་ཏེ། ཐ་མ་ཐུང་ངུར་གྱུར་པ་ན་ནི་ཚེའི་ཚད་ལོ་བཅུ་པ་དང་། དང་པོ་ནི་ཚེ་དཔག་ཏུ་མེད་པ་དང་། དེ་དག་གི་བར་དུའང་འཕེལ་འགྲིབ་དུ་མ་ཡོད་པའི་ཕྱིར་རོ། །འདོད་པའི་ལྷ་རྣམས་ཀྱི་ཚེ་ཚད་ནི་མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་པ་དག་གི་ལྷ་རྣམས་ལས་ཐམས་ཅད་ཀྱི་འོག་མ་རྒྱལ་ཆེན་རིས་བཞིའི་ལྷ་དག་གི་ཉིན་ཞག་གཅིག་ཏུ་རྩིས་པའི་ཞག་སུམ་ལ་ཟླ་

24a

༄༅།        །བ་གཅིག་དང་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་པ་དེས་ན་ཚེའི་ཚད་རང་གི་ལོ་ལྔ་བརྒྱའོ། །རྒྱལ་ཆེན་རིས་བཞིའི་གོང་མ་སུམ་བཅུ་རྩ་གསུམ་པ་ལ་སོགས་པ་ནི། ཞག་དང་ལོ་གཉིས་ཀ་གཉིས་འགྱུར་ཏེ། སྔ་མའི་བཞི་འགྱུར་ཕྱི་མའི་ཚེ་ཚད་ཡིན་པས་འདི་ལྟར་སུམ་བཅུ་རྩ་གསུམ་པ་རྣམས་ནི་མིའི་ལོ་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་རང་ལོ་སྟོང་ཐུབ་པ་ནས་གཞན་འཕྲུལ་དབང་བྱེད་པ་མིའི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་རྩིས་པའི་རང་ལོ་ཁྲི་དྲུག་སྟེ་ཐུབ་པའི་བར་དུའོ། །དེ་དག་ལ་མིའི་ལོ་ནི་རིམ་པ་ལྟར་དང་པོ་ལ་ས་ཡ་ཕྲག་དགུ་དང་། གཉིས་པ་ལ་ས་ཡ་ཕྲག་སུམ་བཅུ་རྩ་དྲུག་དང་། གསུམ་པ་ལ་དུང་ཕྱུར་གཅིག་དང་བྱེ་བ་བཞི་དང་ས་ཡ་བཞི་དང་། བཞི་པ་ལ་དུང་ཕྱུར་ལྔ་དང་བྱེ་བ་བདུན་དང་ས་ཡ་དྲུག་དང་། ལྔ་པ་ལ་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་དང་ས་ཡ་བཞི་དང་། དྲུག་པ་ལ་ཐེར་འབུམ་དགུ་དང་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་དྲུག་གོ། །གལ་ཏེ་སུམ་ཅུ་རྩ་གསུམ་ཡན་ཆད་ན་ཉི་ཟླ་མེད་པས་ཉིན་མཚན་མེད་པའི་ཕྱིར་ཞག་ལ་སོགས་པའི་རྣམ་གཞག་དང་སྣང་བའི་བྱ་བ་ཡོད་པར་མི་འགྱུར་རོ་ཞེ་ན། དེ་དག་ན་ཉི་ཟླ་མེད་ཀྱང་མེ་ཏོག་ཁ་བྱེ་བ་དང་། ཟུམ་པ་དང་བྱ་སྐད་

24b

འབྱིན་པ་དང་མི་འབྱིན་པ་དང་གཉིད་སངས་པ་དང་ཁྲོ་བ་ན་རིམ་པ་ལྟར་ཉིན་མོ་དང་མཚན་མོ་ཡིན་ལ། སྣང་བའི་བྱ་བ་ནི་རང་གི་ལུས་ལ་འོད་ཡོད་པས་བྱེད་པས་འགལ་བ་མེད་དོ། །ལྷ་མ་ཡིན་གྱི་ཚེ་ཚད་ནི་སའི་དངོས་བཞི་ལས་སུམ་བཅུ་རྩ་གསུམ་པ་རྣམས་དང་འདྲའོ་ཞེས་བཤད་ལ། དྲན་པ་ཉེར་བཞག་ལས་ནི་མིའི་ལོ་ལྔ་བརྒྱ་དང་དྲུག་བརྒྱ་དང་བདུན་བརྒྱ་ལ་རང་གི་ཉིན་ཞག་རེར་བྱས་པའི། རང་ལོ་ལྔ་སྟོང་དང་དྲུག་སྟོང་དང་བདུན་སྟོང་རིམ་པ་ལྟར་སྒྲ་ཅན་དང་། མགུལ་འཕྲེང་བསྟན་པ་གཉིས་དང་། མེ་ཏོག་ཕྲེང་གིས་ཐུབ་པར་གསུངས་ཤིང་། ཐག་ཟངས་རིས་ཀྱི་ཚེ་ཚད་ནི་མ་གསུངས་སོ། །གཟུགས་ཅན་རྣམས་ལ་ནི་ཉིན་མཚན་མེད་ཏེ། ཉིན་མཚན་གྱི་རྣམ་པར་འཇོག་བྱེད་མེད་པའི་ཕྱིར་རོ། །གཟུགས་ཅན་དེ་དག་གི་ཚེ་ཚད་ནི་རང་གི་ལུས་ཀྱི་ཚད་གཞལ་བའི་དཔག་ཚད་ཀྱི་གྲངས་ཀྱི་ཚད་ཀྱི་སྐལ་པ་ཡིས་འཇལ་བ་ཡིན་ཏེ། འདི་ལྟར། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །

25a

༄༅།        །ཞེས་འདོན་པ་བསྒྱུར་རོ། །རྒྱལ་བའི་ཡུམ་ལ་སོགས་པ་མདོ་ཁ་ཅིག་ལས་ནི། གྱ་ནོམ་སྣང་དང་ཤིན་ཏུ་མཐོང་གོ་རིམ་བསྣོར་ནས་གྱ་ནོམ་སྣང་བའི་རྗེས་ལ་འོག་མིན་བཤད་ཅིང་། སློབ་དཔོན་ཞི་ལྷས་མདོ་དྲངས་པ་ལས་ཀྱང་ཤིན་ཏུ་མཐོང་དང་གྱ་ནོམ་སྣང་གི་ཚེ་ཚད་རིམ་པ་ལྟར་བསྐལ་པ་བཞི་སྟོང་དང་བརྒྱད་སྟོང་དུ་བཤད་དོ། །གཟུགས་མེད་བཞི་པོ་རྣམས་ནི་རིམ་པ་ལྟར་སྟོང་ཕྲག་ཉི་ཤུ་དང་། བཞི་བཅུ་དང་། དྲུག་བཅུ་དང་། བརྒྱད་བཅུ་ཐུབ་པ་ན་བསྐལ་པ་སྟོང་ཕྲག་ཉི་ཤུ་ཉི་ཤུ་ལྷག་པ་ཡིན་ནོ། །འོ་ན་དེ་དབར་ཐམས་ཅད་བར་བསྐལ་ལམ་བསྐལ་ཆེན་ཡིན་ཞེ་ན། འོད་ཆུང་ནས་བཟུང་ནས་བསྐལ་པ་ཆེན་པོ་ཡིན་ཏེ། འོད་ཆུང་དེའི་འོག་མ་ཚངས་ཆེན་མན་ཆད་ནི་བསྐལ་པ་ཆེན་པོའི་ཕྱེད་བར་བསྐལ་བཞི་བཅུ་ལ་བསྐལ་པར་བཏགས་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་ཚངས་ཆེན་པ་མ་ཤི་བར་སྣོད་འཇིག་པའི་མེ་འབར་བར་འགྱུར་བ་དང་། སྟོངས་ནས་ཀྱང་ཡོད་པར་འགྱུར་བའི་ཕྱིར་རོ། །དེས་ན་ཚངས་རིས་པ་བར་བསྐལ་ཉི་ཤུ་དང་། ཚངས་པ་མདུན་ན་འདོན(འདོད་ལ་དག་པ་སྨྲའོ།།)པ་བར་བསྐལ་དྲུག་བཅུར་བར་བསྐལ་གཉིས་ཀྱིས་ཆད་པ་ཡོད་དེ། སྣོད་འཇིག་ཆགས་ལ་བར་

25b

བསྐལ་རེ་རེ་ཡོད་ལ་སྣོད་འཆགས་པ་མ་རྫོགས་པའི་ཚེ་ཚངས་པ་མ་སྐྱེས་ཤིང་སྣོད་འཇིག་པའི་གོང་དུ་ཚངས་པ་ཤི་བའི་ཕྱིར་རོ། །འོན་ཀྱང་བསྐལ་པ་བཞི་གསུམ་ཐུབ་པར་བཤད་པ་ནི་དེ་དང་ཉེ་བའི་ཕྱིར་རོ། །དེས་ན་ཚངས་ཆེན་དང་འོད་ཆུང་གི་ཚེ་ཚད་ཀྱི་བར་ན་བར་བསྐལ་བརྒྱ་ཡོད་དོ། །སའི་དངོས་གཞི་ལས་ནི་བར་བསྐལ་ཉི་ཤུ་དང་བཞི་བཅུས་དྲུག་ཅུ་ལ་བསྐལ་པ་རེ་རེའི་ཐ་སྙད་དུ་མཛད་ནས་ཚངས་རིས་པ་ལ་སོགས་པ་གསུམ་གྱི་ཚེ་ཚད་བསྐལ་པ་རེ་རེ་བཤད་དོ། །ངན་སོང་གི་ཚེའི་ཚད་ལ་ཡང་སོས་ལ་སོགས་པ་ཚ་བའི་དམྱལ་བ་དྲུག་གི་ཚེ་ཚད་ནི་རིམ་པ་བཞིན་ཏུ་འདོད་ལྷ་རྒྱལ་ཆེན་རིས་བཞི་ལ་སོགས་པ་དྲུག་པོའི་ཚེའི་ཚད་ཇི་ཙམ་བཤད་པ་དང་ཡང་སོས་ལ་སོགས་པ་དྲུག་གི་ཉིན་ཞག་མཉམ་པར་ཤེས་པར་བྱས་ཏེ། དང་པོ་དྲུག་སྔ་མའི་བརྒྱད་འགྱུར་ཕྱི་མའི་ཚེ་ཚད་ཡིན་པས་འདི་ལྟར་རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་རང་ལོ་ལྔ་བརྒྱ་ལ་ཡང་སོས་པའི་ཉིན་ཞག་གཅིག་ཏུ་རྩིས་པ་ལ་སོགས་པའོ། །དེ་ལྟ་བུའི་ཞག་སུམ་བཅུ་ལ་ཟླ་བ་དང་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་པ་དེས་ན་ཡང་སོས་ལ་སོགས་པ་དེ་དག་རྣམས་ཀྱི་ཚེ་

26a

༄༅།        །ཚད་ནི། རང་གི་ལོ་ལྔ་བརྒྱ་དང་སྟོང་དང་། ཉིས་སྟོང་དང་བཞི་སྟོང་དང་། བརྒྱད་སྟོང་དང་། ཁྲི་དྲུག་སྟོང་ཐུབ་པར་འདོད་པའི་ལྷ་དྲུག་པོ་རྣམས་རང་ལོའི་གྲངས་འདྲ་བ་ཡིན་ནོ། །ཞེས་ཤེས་པར་བྱའི། འདིར་ཡང་སོས་ཀྱི་ཉིན་ཞག་གཅིག་ལ་མི་ལོ་ས་ཡ་ཕྲག་དགུ་དང་། རང་ལོ་ལྔ་བརྒྱ་ལ་མི་ལོ་ཕྲག་ཁྲིག་བཅུ་དྲུག་དང་ཐེར་འབུམ་ཆེན་པོ་གཉིས་ཡོད་པ་ནས་ཚ་བའི་རང་ལོ་ཁྲི་དྲུག་སྟོང་ལ། མི་ལོ་གཏམས་ཆེན་པོ་ལྔ། རབ་བཀྲམ་བརྒྱད་རབ་བཀྲམ་ཆེན་པོ་བརྒྱད། ཁྲག་ཁྲིག་དགུ་ཐེར་འབུམ་ཆེན་པོ་གཉིས་ཡོད་པའི་བར་དུ་སྦྱར་རོ། །རབ་ཏུ་ཚ་བའི་དམྱལ་བས་ནི་བར་བསྐལ་ཕྱེད་ཐུབ་པོ། །མནར་མེད་པས་ནི་བར་གྱི་བསྐལ་པ་གཅིག་ཐུབ་པོ། །དུད་འགྲོ་རྣམས་ཀྱི་ཚེ་ཐུང་བ་ལ་ངེས་པ་མེད་པས་ཚེ་མཆོག་ཏུ་རིང་བས་ནི་བར་གྱི་བསྐལ་པ་གཅིག་ཐུབ་ཏེ། ལུང་ལས། དགེ་སློང་དག་ཀླུ་བརྒྱད་པོ་འདི་དག་ནི་ཀླུ་ཆེན་པོ་སྟེ། བསྐལ་པར་གནས་པ་ས་འཛིན་པ་བྱའི་རྒྱལ་པོ་ནམ་མཁའ་ལྡིང་གིས་མི་ཕྱིན་པ་

26b

ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཡང་ཉམས་སུ་མྱོང་ཞིང་སོ་སོར་ཉམས་སུ་མྱོང་བ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་དང་། རྟ་མགོ་དང་། བཏང་བཟུང་དང་། ཡིད་ལས་བྱུང་དང་། ཡུལ་འཁོར་བསྲུང་དང་། ནག་པོ་ཆེན་པོ་དང་། ཨེ་ལའི་འདབ་པོ་ཞེས་གསུངས་པ་ལྟ་བུའོ། །ཤིན་ཏུ་ཐུང་པ་ནི་ཡུད་ཙམ་རེའི་ཚེ་ཚད་དང་བཅས་པ་དག་ཀྱང་ཡོད་དོ། །ཡི་དགས་རྣམས་ནི་མིའི་ཟླ་སྟོད་ལ་ཉིན་མོ་དང་། ཟླ་སྨད་ལ་མཚན་མོར་བྱས་ནས་མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དགས་ཀྱི་ཉིན་ཞག་གཅིག་གི་གྲངས་སུ་རྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་ཡིན་ལ། བཤེས་སྤྲིང་ལས། བར་ཆད་མེད་པར་སྡུག་བསྔལ་རྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ཡིས། །ཏྲ་བས་ཅིངས་པའི་ལུས་ཅན་ཁ་གཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་འབྱུང་བ་ནི་མིའི་ལོའི་དབང་དུ་མཛད་པའོ། །དྲན་པ་ཉེར་བཞག་ལས་ནི། མིའི་ལོ་བཅུ་ལ་ཡི་དགས་ཀྱི་ཉིན་ཞག་གཅིག་ཏུ་རྩིས་

27a

༄༅།        །པའི་རང་ལོ་ལྔ་བརྒྱར་ཐུབ་པར་གསུངས་ཏེ། དེའི་ལྟར་ན་རང་ལོ་ལྔ་བརྒྱ་ལ་མིའི་ལོ་ས་ཡ་ཕྲག་གཅིག་དང་དགུ་འབུམ་དུ་འགྱུར་རོ། །སའི་དངོས་གཞི་ལས་ནི། དུད་འགྲོ་དང་ཡི་དགས་ཀྱི་ཚེའི་ཚད་ནི་ངེས་པ་མེད་དོ་ཞེས་པ་དང་། དེ་བཞིན་དུ་ཉེ་འཁོར་གྱི་སེམས་ཅན་དམྱལ་བ་དང་ཉེ་ཚེ་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ངེས་པ་མེད་དོ་ཞེས་བཤད་དོ། །གྲང་དམྱལ་གྱི་ཚེའི་ཚད་ནི་ཏིལ་སྦྱང་བ་མ་ག་ཏའི་བྲེའི་ཏིལ་ཁལ་བརྒྱད་ཅུས་གང་བའི་ནང་ནས་འགའ་ཞིག་གིས་ལོ་བརྒྱ་བརྒྱ་ཞིང་ཏིལ་གཅིག་སྟེ་རེ་རེ་ཕྱུང་བས་ཏིལ་དེ་དག་ཟད་པར་གྱུར་པ་ན་ཆུ་བུར་ཅན་གྱི་ཚེའི་ཚད་ཡིན་ཏེ། ཆུ་བུར་རྡོལ་པ་ཅན་ལ་སོགས་གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར་བའི་འགྱུར་གྱིས་ཕྱི་མ་ཕྱི་མ་རིང་ངོ་། །སའི་དངོས་གཞི་ལས་ནི། གྲང་བའི་སེམས་ཅན་དམྱལ་བར་སྐྱེ་བའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་རིག་པར་བྱའོ། །ཞེས་འབྱུང་སྟེ། དེའི་དོན་ཁ་ཅིག་ཚ་དམྱལ་རྣམས་ཀྱིས་ཕྱེད་ཕྱེད་

27b

ཐུབ་པར་འཆད་མོད་ཀྱི། ཚེའི་མཐའི་མདོ་ལྟར་ན་ཚ་དམྱལ་དྲུག་པས་གྲང་དམྱལ་དང་པོ་དྲུག་རིང་བར་མངོན་ནོ། །ཅི་སྔར་སྨོས་པའི་སེམས་ཅན་དེ་དག་བར་མ་དོར་མི་འཆི་བར་ཚེ་ཚད་ལྟར་ངེས་པ་ཁོ་ན་ཡིན་ནམ་ཞེ་ན། སྒྲ་མི་སྙན་པ་དག་ནི་སྟོང་དུ་ངེས་སྟེ། བར་མ་དོར་འཆི་བ་མེད་པའི་ཕྱིར་རོ། །སྒྲ་མི་སྙན་པ་མ་གཏོགས་པ་རྣམས་ལ་བར་མ་དོར་འཆི་བ་ཡོད་པའི་ཕྱིར་ངེས་པ་ནི་མ་ཡིན་གྱི་སྤྱིའི་ཚེ་ཚད་སྨོས་པ་ཡིན་ནོ། །འདི་རྣམས་ནི་མཛོད་ལས་གསུངས་པ་ཇི་ལྟ་བ་བཞིན་བྲིས་པ་ཡིན་ལ། འདིར་མ་སྨོས་པ་གདགས་པ་ལས་འབྱུང་བའི་དོན་སྡོམ་དུ་བསྡུས་པ་ནི། བཀྲེས་སྐོམ་གླིང་བཞི་འདོད་ལྷ་ན། །གོང་མ་ན་མེད་གླིང་གསུམ་ན། །འབྲས་ཆན་ཟན་ཆེན་ཤ་འཁུར་བའི། །ཟས་ཟ་སྒྲ་མི་སྙན་པ་རྣམས། །མ་རྨོས་འབྲས་ཀྱི་འབྲུ་དག་ཟ། །འདོད་ལྷ་དྲི་དང་བདུད་རྩིའོ། །གོང་ན་ཁམ་ཟས་རྣམ་པར་སྤངས། །གཤང་གཅི་གླིང་བཞི་དག་ན་ཡོད། །ཡན་ཆད་ན་མེད་ཆགས་པ་དག །འབབ་ཉེས་པ་དང་ལེགས་པ་དང་། །ལོ་ཉེས་ལོ་ལེགས་མུ་གེ་དག ། གླིང་གསུམ་ན་ཡོད་སྒྲ་མི་སྙན། །འདོད་ལྷ་ཡན་ཆད་

28a

༄༅།        །དེ་དག་མེད། །འཇིགས་དང་ཡི་བདེ་རེས་འཇོག་ནི། །གླིང་གསུམ་དག་ན་འདོད་ལྷ་ལ། །སྒྲ་མི་སྙན་དང་གོང་ན་མེད། །ནོར་འབྲུ་གསེར་དངུལ་ཉོ་བ་དག །གླིང་གསུམ་ན་ཡོད་སྒྲ་མི་སྙན། །ལྷ་རྣམས་ཀུན་ལ་ཡོད་མ་ཡིན། །གཞིན་མདོག་དཀར་ནག་སྔོ་བསངས་དང་། །སྐྱ་སྣར་གླིང་གསུམ་འདོད་ལྷ་རྣམས། །སྔོ་སེར་དཀར་དམར་སྒྲ་མི་སྙན། །ཚངས་རིས་ཡན་ཆད་དཀར་པོར་གནས། །ཆེད་དུ་བྱས་དང་མ་བྱས་པའི། །ཁང་པ་གླིང་གསུམ་འདོད་ལྷ་ན། །སྒྲ་མི་སྙན་དང་གཟུགས་ཁམས་པ། །ཆེད་དུ་བྱས་པ་མ་ཡིན་ངེས། །བལ་གོས་རས་དང་ཟབ་དར་སོགས། །གླིང་གསུམ་ན་ཡོད་སྒྲ་མི་སྙན། །འདོད་ལྷ་དྲུག་པོ་སྲང་ཕྱེད་ནས། །དྲུག་བཅུ་རྩ་བཞི་ཆ་ཡི་བར། །ཆེས་ཡང་སྔོ་སེར་དཀར་དམར་དང་། །དཔག་བསམ་ཤིང་ལས་འབྱུང་བར་བཤད། །གཟུགས་ཁམས་གོས་དང་བཅས་པར་སྐྱེ། །རང་ལུས་ཚད་ལས་ཉིས་འགྱུར་གྱིས། །ལྷག་པའི་གོས་དག་གོན་པར་བཤད། །བག་མ་ལེན་དང་གཏོང་བ་ནི། །གླིང་གསུམ་འདོད་ལྷ་རྣམས་ལ་ཡོད། །སྒྲ་མི་སྙན་དང་གོང་ན་མེད། །ལུས་ལ་ཚ་དང་གྲང་བ་ནི། །གླིང་གསུམ་དག་ན་སྒྲ་མི་སྙན། །ལྷ་རྣམས་རྣམ་པར་སྤངས་པ་ཡིན། །དགུན་དཔྱིད་དབྱར་དང་

28b

སྟོན་རྣམས་ནི། །གླིང་བཞི་འདོད་ལྷ་རྣམས་ན་ཡོད། །གོང་མ་ན་མེད་ཉིན་མཚན་དང་། །ཕ་མ་རྣམས་ཀྱང་དེ་བཞིན་ནོ། །རྗེ་བྲན་གླིང་གསུམ་འདོད་ལྷ་ན། །སྒྲ་མི་སྙན་དང་གོང་ན་མེད། །ནོར་དང་འབྲུ་ཡོད་གླིང་གསུམ་ནའོ། །འབྲུ་ཡོད་ནོར་མེད་སྒྲ་མི་སྙན། །ནོར་ཡོད་འབྲུ་མེད་འདོད་ལྷ་རྣམས། །གཉིས་ཀ་མེད་པ་གོང་མ་ཡིན། །ཕ་མ་ནས་ནི་འབྲས་བུའི་བར། །ཀུན་ལ་ཞེན་པ་གླིང་གསུམ་ན། །འབྲུ་མ་གཏོགས་ལ་ཞེན་པ་ནི། །འདོད་ལྷ་སྒྲ་མི་སྙན་དང་ནི། །གོང་མའི་ལྷ་རྣམས་ཞེན་པ་མེད། །ཟླ་མཚན་སྦྲུམ་མ་བུ་བཙའ་བ། །གླིང་བཞི་ན་ཡོད་ལྷ་རྣམས་ནི། །བརྫུས་སྐྱེས་ཁུ་བ་འབྱུང་བ་ཡང་། །མི་རྣམས་འདོད་ལྷ་རླུང་དག་རྒྱུ། །ཚེ་དང་ལུས་དང་འཁྲིག་པ་སྤྱོད། །རྩ་བར་བཤད་ཕྱིར་འདིར་མ་བྲིས། །མཐོ་རིས་ཀྱི་ནི་ལོངས་སྤྱོད་དག །ལུང་བཞིན་དུ་ནི་བསྡེབས་པ་ཡིན། །ཞེས་ཤེས་པར་བྱའོ། །