ཉི་མའི་རིགས་ཀྱི་རྒྱལ་རབས།
དང་པོ། ཤཱཀྱའི་རིགས་རྒྱུད་རྒྱ་བོད་རྣམས་སུ་ལེགས་པར་བྱུང་བ་ཚུལ།
Previous Chapter
Next Chapter

(དང་པོ། ཤཱཀྱའི་རིགས་རྒྱུད་རྒྱ་བོད་རྣམས་སུ་ལེགས་པར་བྱུང་བ་ཚུལ།)

དེ་ནས་རྒྱལ་པོས་ལག་པ་གཡས་པ་བསྐྱངས་ཏེ། ཀྱེ་མ་གཞོན་ནུ་རྣམས་ནི་ཕོད་པ་ཡིན་ནོ། །ཤིན་ཏུ་ཕོད་པ་ཡིན་ནོ་ཅེས་སྨྲས་ལ། ཤིན་དུ་ཕོད་པ་ཆེ་བས་ན་ཤཱཀྱ་ཤཱཀྱ་ཞེས་གྲགས་སོ། །རྒྱལ་སྲིད་དགའ་རྒྱལ་པོར་དབང་བཀུར་བས་བུ་མེད་པར་འདས་ཏེ། ཕུ་བོ་སྐར་མདའ་གདོང་དང་། ལག་

53a

༄༅།        །རྣ་དང་། གླང་ཆེན་འདུལ་ཡང་རིམ་བཞིན་བསྐོས་པས་བུ་མེད་པར་ཤི་ནས། ནུ་བོ་ཆེ་ཤོས། རྐང་གདུབ་ཅན་རྒྱལ་སྲིད་ལ་དབང་བཀུར་བ། དེ་དང་ལྕམ་གྲགས་མ་གཉིས་ལྷན་ཅིག་པའི་སྲས་རྒྱལ་བུ་གནས་མཆོག་གོ། །དེའི་སྲས་རྒྱལ་བུ་ས་ཁྱིམ་མོ། །དེའི་བུ་ཚ་རྒྱུད་རྒྱལ་པོ་ལྔ་ཁྲི(ཉི་ཁྲི་ཟེར།)ལྔ་སྟོང་གྲོང་ཁྱེར་སེར་སྐྱའི་གཞིར་བྱུང་བའི་ཐ་མ་ནི་རྒྱལ་པོ་ཤིང་རྟ་བཅུ་པ། མཁས་པ(བླ་མ་དམ་པ།)དག་ཤིང་རྟ་བཅུ་པ་ལ་སྲས་གསུམ་བྱུང་པའི་ཆེ་བ་ཤཱཀྱ་ཆེན་པོ། བར་པ་ཤཱཀྱ་ལི་ཙ་བྱི། ཆུང་བ་ཤཱཀྱ་རི་གྲགས་པ་སྟེ། ཤཱཀྱ་ཆེ་བའི་བུ་ཚ་རྒྱུད་ཀྱི་ཉེར་ལྔ་པ་བརྩིབས་ཀྱི་བུ་ཁྱུད་དོ་ཅེས་གསུང་ངོ་། །དཔག་བསམ་ཁྲི་ཤིང་གི་ཡལ་འདབ་ཉེར་བདུན་པ་ལས་ནི། དེ་དག་རྣམས་ཀྱི་ཕ་ཡིན་དེར། །ནུས་སམ་མི་ནུས་རྣམ་བསམས་ཚེ། །དེ་དག་ཤཱཀྱའི་མིང་ཅན་གྱུར། །དེ་རྣམས་རིགས་ལ་མི་ཡི་གྲོང་། །དེ་ཡི་རིགས་པས་ས་སྤྱོད་ནི། །སྟོང་ཕྲག་ལྔ་པ་ལྔ་འདས་ཚེ། །དཔལ་ལྡན་ས་ཡི་བདག་པོ་ནི། །ཤིང་རྟ་བཅུ་པ་བྱུང་བར་གྱུར། །ཅེས་བཤད་པས་མདོ་བསྟན་བཅོས་གཞན་རྣམས་དང་འགྱུར་ཁྱད་ཅུང་ཟད་ཡིན་མིན་བརྟག(སྟེ་ཤོང་གི་འགྱུར་ཉི་ཁྲི་ལྔ་སྟོང་དག)གམ། དེའི་

53b

སྲས་ཤིང་རྟ་བརྒྱ་པ། དེའི་སྲས་ཤིང་རྟ་དགུ་བཅུ་པ། དེའི་སྲས་ཤིང་རྟ་ཁྲ་བོ། དེའི་སྲས་ཤིང་རྟ་རྒྱལ། དེའི་སྲས་བརྟན་པའི་ཤིང་རྟ། དེའི་སྲས་གཞུ་བཅུ་པ། དེའི་སྲས་གཞུ་བརྒྱ་པ། དེའི་སྲས་གཞུ་དགུ་བཅུ་པ། དེའི་སྲས་གཞུ་རྒྱལ། དེའི་སྲས་གཞུ་བཀྲ། དེའི་སྲས་གཞུ་བརྟན་ནོ། །རྒྱལ་པོ་གཞུ་བརྟན་ལ། བུ་གཉིས་ཏེ། སེང་གེ་འགྲམ་དང་། སེང་གེ་སྒྲའོ། །སེང་གེ་འགྲམ་ནི་འཛམ་བུའི་གླིང་གི་གཞུ་ཐོགས་ཇི་སྙེད་པ་ཐམས་ཅད་ཀྱི་མཆོག་གོ། །སེང་གེ་འགྲམ་ལ་སྲས་བཞི་སྟེ། ཟས་གཙང་། ཟས་དཀར། བྲེ་བོ་ཟས། བདུད་རྩི་ཟས་དང་བཞིའོ། །སྲས་མོ་ཟས་གཙང་མ་དང་། དཀར་མོ་དང་། བྲེ་མོ་དང་། བདུད་རྩི་མ་སྟེ་མིང་སྲིང་བརྒྱད་ཡོད་དོ། །ཟས་གཙང་ནི་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ། སྟོབས་ཆེ་བ། དཔའ་བ། བརྟན་པ། སྡུག་པ། ཕ་རོལ་ནོན་པ། མཁས་ཤིང་མཛངས་པ། གསལ་བ། སྤྲོ་བ་དང་སྙིང་སྟོབས་ཆེ་བ་ལེ་ལོ་དང་སྤྱོད་པ་ངན་པ་མེད་པ། གྲོགས་ངན་པའི་དབང་དུ་མི་འགྲོ་བ། ལུས་སེམས་གཉིས་ཀའི་ཡོན་ཏན་སྐྱེས་བུ་མཆོག་གི་མཚན་ཉིད་ཐམས་ཅད་དང་ལྡན་པ། ཆོས་ཀྱི་རྒྱལ་པོ། ཆོས་དང་ལྡན་

54a

༄༅།        །པ། ཆོས་བཞིན་དུ་རྒྱལ་སྲིད་བྱེད་ནུས་པ་ཡིན་ནོ། །དེའི་ཚེ་གྲོང་ལྷས་བསྟན་ན་རྒྱལ་པོ་ལེགས་པ་རབ་སད་ཅེས་བྱ་བ་རྒྱལ་སྲིད་བྱེད་དེ། དེའི་བསམ་པ་ལ་བདག་རྒྱལ་པོ་སེང་གེ་འགྲམ་དང་གཉེན་གཏམས་ན་ཅི་མ་རུང་སྙམ་དུ་སེམས་སོ། །རྒྱལ་པོ་སེང་གེ་འགྲམ་ཡང་ངའི་རྒྱུད་ལ་འཁོར་ལོ་བསྒྱུར་བ་འབྱུང་ཞིང་། རྒྱལ་པོ་ལེགས་པ་རབ་སད་ངའི་གཉེན་ཟླར་འོས་པ་ཡིན། དེ་དང་གཉེན་དུ་གྱུར་ན་སྙམ་དུ་སེམས་སོ། །དེའི་ཚེ་རྒྱལ་པོ་ལེགས་པར་རབ་སད་ཀྱི་བཙུན་མོ་དམ་པ་ལུམ་བི་ནི་ཞེས་བྱ་བ་ལ་སྲས་མོ་གཅིག་འཁྲུངས་ཏེ། དེ་ནི་བཟང་བ། མཛེས་པ། བལྟ་ན་སྡུག་པ། བཟང་མོ་ཡོན་ཏན་ཐམས་ཅད་དང་ལྡན་པ། ལྤགས་པ་དག་པ། འོད་འཕྲོ་བ། སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པ། ལྷའི་ན་ཆུང་འདྲ་བ བལྟ་བས་ཆོག་མི་ཤེས་པ་གཅིག་བྱུང་ངོ་། །ཅི་འདི་བུ་མོ་ཡིན་ནམ། འོན་ཏེ་ལས་སྣ་ཚོགས་ལས་སྤྲུལ་པའི་སྒྱུ་མ་ཡིན་སྙམ་མོ། །དེ་ལ་ཁ་ཅིག །འདི་ནི་བུ་མོ་ཁོ་ན་ཡིན་ཏེ། འོན་ཀྱང་སྔོན་གྱི་བསོད་ནམས་ཀྱིས་འདི་ལྟར་འགྱུར་ཞེས་སོ། །ཁ་ཅིག་ནི་བུ་མོ་མ་ཡིན་ཏེ་ལས་སྣ་ཚོགས་པའི་སྒྱུ་མ་མཁན་གྱིས་སྤྲུལ་པ་ཡིན་ཏེ། དེས་ན་འདིའི་མིང་ལ་སྒྱུ་འཕྲུལ་མ་ཞེས་བྱའོ། །ཞེས་སྒྱུ་འཕྲུལ་མ་ཞེས་བཏགས་སོ། །དེ་ཇི་ལྟར་གནས་རྩིས་བྱས་པས། སྲས་མོ་འདི་ནི་མངའ་བྱད་མཛེས་

54b

ཤིང་བཟང་བ་ཕུན་སུམ་ཚོགས་པས་སྟོབས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཞིག་བལྟམས་ཞེས་ལུང་བསྟན་ཏོ། །ཡང་བཙུན་མོ་ལུམ་བི་ནི་ལ་སྲས་མོ་གཉིས་པ་ཞིག་བཙས་པས། སྔར་གྱི་བས་ཀྱང་མཛེས་ཤིང་བཟང་བ། བལྟ་ན་སྡུག་པ། ཡན་ལག་ཉིང་ལག་ཐམས་ཅད་སོ་སོ་ནས། བཟང་མོའི་མཚན་ཉིད་ཐམས་ཅད་རྫོགས་པ། བུད་མེད་རིན་པོ་ཆེ་བརྒྱད་སྟོང་པས་ལྷག་པ། སྐྱེ་མཆེད་ཐམས་ཅད་ནས་མངའ་བྱད་བྱེ་བ་མང་པོ་ཡོད་པ། དཔེ་དང་འགྲན་ཟླ་ཐམས་ཅད་ཀྱིས་བསྐྲུན་དུ་མེད་པ། སྐྱེ་བོ་ཐམས་ཅད་ཀྱིས་བལྟ་བས་ཆོག་མི་ཤེས་པ་གཅིག་བྱུང་ཏེ། དེ་ལ་ཡང་ཉེ་དུ་རྣམས་ཀྱིས་བུ་མོ་འདི་ཨ་ཅི་བས་ཀྱང་བཟང་ཞིང་། བུད་མེད་ཀྱི་ཡོན་ཏན་ཐམས་ཅད་ཆེས་ཁྱད་པར་འཕགས་པས། སྒྱུ་འཕྲུལ་ཆེན་མོ་ཞེས་མིང་དུ་བཏགས་ཏེ། །རྩིས་པ་རྣམས་ཀྱིས་ཀྱང་འདི་ནི་ཆེས་ཕུན་སུམ་ཚོགས་ཤིང་བཟང་བ། ཟླ་མ་མཆིས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞིག་བལྟམས་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་ལེགས་པར་རབ་སད་ཀྱིས་སེང་གེ་འགྲམ་ལ་ཕོ་ཉ་བཏང་ཏེ། བདག་ལ་བུ་གཉིས་ཡོད་པས་གཅིག་ལ་ནི་སྟོབས་ཀྱིས་འཁོར་ལོ་བསྒྱུར་བ་

55a

༄༅།        །སྐྱེ་ཤིང་། གཉིས་པ་ལ་ནི་འཁོར་ལོ་བསྒྱུར་བ་སྐྱེ་ཞེས་ལུང་བསྟན་ཏེ། གཉིས་ཀའང་མངའ་བྱད་ནི་བཟང་ཞིང་མཛེས་ལ། འཇིག་རྟེན་ན་འགྲན་ཟླ་མེད་པ། བལྟ་བས་ཆོག་མི་ཤེས་པས། གལ་ཏེ་བཞེད་ན་གཞོན་ནུ་ཟས་གཙང་ལ་གཅིག་བསྣོམས་ཤིག་ཅེས་སྤྲིང་ངོ་། །དེ་ཐོས་ནས་སེང་གེ་འགྲམ་ཤིན་ཏུ་བགྱེས་ནས། སླར་ཕོ་ཉ་བཏང་བ། གཉིས་ཀའང་གཞོན་ནུ་ཟས་གཙང་ལ་བླང་བར་བྱ་ན། རེས་ཤིག་ང་ཚོགས་ལ་སྒྲོ་བས་ཅུང་ཤིག་སྡོད་ཅིག་ཅེས་སྲིང་ངོ་། །དེའི་ཚེ་རྒྱལ་པོ་སེང་གེ་འགྲམ་ལ་རི་བྲག་པ་གཅིག་ངོ་ལོག་ཏེ་འགྲན་ཟླར་གྱུར་པ་དང་། ཤཱཀྱ་རྣམས་ཀྱིས་སེང་གེ་འགྲམ་ལ་གསོལ་པ། ལྷ་གཞོན་ནུ་ཟས་གཙང་ཤིན་ཏུ་གྲགས་ཤིང་གཟི་བརྗིད་ཆེ་བས། རི་གྲགས་པ་གཞོམ་པར་བཏང་དུ་གསོལ་ཞུས་པས། སེང་གེ་འགྲམ་གྱིས་མ་གནང་ངོ་། །དེ་ནས་ཤཱཀྱ་རྣམས་ཀྱིས་ནན་གྱིས་ཞུས་པས། བཞེད་གཅིག་འབུལ་བར་དམ་བཅས་ཏེ། ཟས་གཙང་བཏང་བས་ཟས་གཙང་གིས་རི་བྲག་པ་དེ་བཅོམ་ཞིང་བརླག་པས་རྨེངས་མེད་པར་བྱས་སོ། །དེ་ནས་ཤཱཀྱ་རྣམས་རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་

55b

རྒྱུགས་ནས། ལྷ་གཞོན་ནུས་རི་བྲགས་པ་རྣམས་རྨེངས་མེད་པར་བཅོམ་པས། གཞོན་ནུ་ཅི་བཞེད་འབུལ་བས་བཀའ་གསོལ་ཅིག །སེང་གེ་འགྲམ་གྱིས་བཀའ་སྩལ་པ། ཤེས་ལྡན་དག་ཤཱཀྱ་རྣམས་ཀྱིས་མཉམ་པ་ལས་ཆུང་མ་མི་ལེན་པར་ཁྲིམས་བྱས་མོད། གཞོན་ནུ་ལ་ལེགས་པར་རབ་སད་ཀྱི་བུ་མོ་གཉིས་ཀ་བླང་ངོ་། །དེ་དག་གིས་ཅི་ཁྲིམས་བཤིག་པ་ལགས་སམ་གསོལ་པས། དེ་མི་བཤིག་ཅིང་ཤིན་ཏུ་དམ་པར་བྱས་ཏེ། གཅིག་ནི་གཞོན་ནུ་ལ་མཆོག་བྱིན་པ་ཡིན་ནོ་གསུངས་པས། ཤཱཀྱ་རྣམས་ཀྱང་དེ་ལྟར་རུང་བས་བཀའ་བཞིན་འཚལ་ཞེས་སོ། །དེ་ནས་རྒྱལ་པོ་སེང་གེ་འགྲམ་བསོད་ནམས་ཀྱི་དཔལ་གྱི་འབྱོར་པ་ཆེན་པོས་བུ་མོ་གཉིས་བསུས་ཏེ། སེར་སྐྱ་དང་ལྷས་བསྟན་གྱི་སྐྱེ་བོའི་ཚོགས་ཐམས་ཅད་བཀྲ་ཤིས་དང་། དགེ་མཚན་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་བརྒྱན་ཏེ། དགའ་སྟོན་ཆེན་པོ་བྱས་ཏེ་བླངས་སོ། །རྒྱལ་པོ་ལེགས་པར་རབ་སད་ཀྱིས་ཀྱང་སྒྱུ་འཕྲུལ་མ་དང་། སྒྱུ་འཕྲུལ་ཆེན་པོ་གཉིས་ཀར་ལ་གཡོག་མོ་ལྔ་རྒྱ་ལྔ་རྒྱ་དང་བརྫངས་ཏེ། གཞོན་ནུ་ཟས་གཙང་ལ་བླངས་སོ། །དུས་གཞན་ཞིག་ན། རྒྱལ་པོ་སེང་གེ་འགྲམ་ཤི་ནས་རྒྱལ་

56a

༄༅།        །པོ་ཟས་གཙང་གིས་སེར་ཀྱའི་རྒྱལ་སྲིད་མཛད་དེ། དེའི་ཚེ་འབྱོར་ཞིང་རྒྱས་པ། འཁྲུག་པ་མེད་ཅིང་ཕུན་སུམ་ཚོགས་པ་དང་ལྡན་པས། ཐམས་ཅད་བུ་བཞིན་སྐྱངས་སོ། །ཟས་གཙང་ནི། སེར་སྐྱའི་གནས་ཕོ་བྲང་ཆེན་པོ་ངང་སྐྱ་ལྡན་ཅེས་བྱ་བར་རྣམ་ཐོས་ཀྱི་བུའི་འབྱོར་པ་འམ། ལྷའི་དབང་པོའི་གཞལ་མེད་ཁང་གི་དཔལ་ཕུན་སུམ་ཚོགས་པས་དཔེ་ཟླར་མི་གྲིན་པར་བཞུགས་ཏེ། སྒྱུ་འཕྲུལ་དང་སྒྱུ་འཕྲུལ་ཆེན་མོ་ལ་སོགས་པ་བཙུན་མོའི་ཚོགས་ཀྱི་འཁོར་དུ་མ་དང་བཅས་ཏེ། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་བྱེད་དོ། །དེའི་ཚེ་དགའ་ལྡན་གྱི་གནས་ན། དམ་པ་ཏོག་དཀར་པོ་ཞེས་བྱ་བ། ལྷ་རྣམས་ལ་ཆོས་སྟོན་ཅིང་ཡོད་པ་ན། བསིལ་སྙན་རྣམས་ལས། བསོད་ནམས་རྒྱ་ཆེ་ཚོགས་མང་དྲན་རྟོགས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །འཚུངས་མེད་སྟོབས་མངའ་མཐུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །ཅེས་བསྐུལ་བས། གྲོང་ཁྱེར་ཏོག་གི་འབྱུང་གནས་དེ་ལས་བྱུང་ཏེ། ཆོས་ཀྱིས་ཐོ་བའི་ཁང་བཟངས། ཁོར་གྱི་ཁྱམ་ཆེན་

56b

པོར་སེང་གེའི་ཁྲི་ཆོས་བཟང་པོ་ཅེས་བྱ་བ་ལ་བཞུགས་ནས། ལྷ་བྱེ་བ་ཕྲག་དྲུག་བཅུ་རྩ་བརྒྱད་ལ་ཆོས་བསྟན། ལྷར་ཁྱམ་དེར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་བྱིན་གྱིས་བརླབས་ནས། དེར་འདུས་པ་དགའ་ལྡན་གྱི་ལྷ་འདོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་མང་པོ་འདུས་ཏེ། རང་རང་གི་ཁྱིམ་ལ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེད་དེ། ཆོས་སྣང་བའི་སྒོ་ཞེས་བྱ་བ་གསུངས་ནས། ལྷ་རྒྱ་ཁྲི་བཞི་སྟོང་བྱང་ཆུབ་ཏུ་སེམས་སྐྱེད། སུམ་ཁྲི་ཉིས་སྟོང་གིས་བཟོད་པ་ཐོབ། བྱེ་བ་སུམ་བཅུ་རྩ་དྲུག་གིས་ཆོས་ཀྱི་མིག་ཐོབ་པར་གྱུར་ཏོ། །སྨྲས་པ་གྲོགས་པོ་དག་ཁོ་བོ་འཛམ་བུའི་གླིང་དུ་འགྲོ་ཡི། ཁྱེད་ཅག་བདུད་རྩི་དོན་དུ་གཉེར་བ་རྣམས་གཉན་ཡོད་དང་། ས་ཀེ་ར་དང་། ཡངས་པ་ཅན་དང་། ཙམ་པ་ཀ་དང་། རྒྱལ་པོའི་ཁབ། ཝ་ར་ན་སེར་ཉིང་འཚམས་སྦྱོར་ཅིག་ཅེས་བཀའ་བསྩལ་པས། ལྷ་རྣམས་ཀྱིས་གསོལ་པ། མཁྱེན་པོར་མཛོད་ཅིག །འཇིག་རྟེན་དེ་དག་ནི་སྡིག་གིས་གོས་པས། སྐུ་དགུ་ལས་མ་རུངས་པའི་བསམ་པ་ཅན་ཏེ། གླིང་དེ་ན་འོད་བསྲུངས་རྫོགས་བྱེད། ཀུན་ཏུ་རྒྱུ་གནག་ཟླས་ཀྱི་བུ། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ། མི་ཕམ་

57a

༄༅།        །སྤྲའི་ལ་བ་ཅན། ཀ་ཏ་ཡ་ནའི་བུ་འདོག་ནག །ལྕེར་བུ་བ་གཉེན་གྱི་བུ་སྟེ་རྟོག་གེ་པ་དྲུག་དང་། བྲམ་ཟེ་རྒྱུས་རྒྱལ། བྲམ་ཟེ་རྣ་རྡེག །བྲམ་ཟེ་བཟང་ལྡན། བྲམ་ཟེ་ཚངས་པའི་ཚེ། བྲམ་ཟེ་པད་མའི་སྙིང་པོ། བྲམ་ཟེ་དམར་པོ་དེ་རྗེས་སུ་སྒྲོགས་པ་དྲུག །རངས་བྱེད་ཀྱི་བུ་སླག་སྤྱོད། རྒྱུ་རྩལ་ཤེས་ཀྱི་བུ་རིངས་ཕུར། ཀུན་ཏུ་རབ་བཟང་། བྲམ་ཟེའི་ཁྱེའུ་ཀུན་རྒྱལ། དྲང་སྲོང་ཉོན་མོངས་མེད། སྟེང་རྒྱས་འོད་བསྲུངས་རལ་པ་ཅན་སྟེ། སྙོམས་འཇུག་པ་དྲུག་ཏེ། མུ་སྟེགས་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཀྱིས་བསྲུངས་པ་ལགས་སོ་ཞེས་གསོལ། བཀའ་སྩལ་པ་ཁྱེད་ཐམས་ཅད་ཀྱིས་རོལ་མོའི་སྒྲ་དུ་མ་དག་གྱིས་ཅིག །བྱང་ཆུབ་སེམས་དཔས་ཆོས་ཀྱི་དུང་བུས་སྟེ། ཐམས་ཅད་ཟིལ་གྱིས་གནན་ཏོ། །ཉི་མ་གཅིག་གིས་མུན་སེལ་སྐར་ཚོགས་ཟིལ་གྱིས་ནོན། །བདག་མེད་སེང་གེའི་སྒྲས་ནི་མུ་སྟེགས་ཝ་ཚོགས་ལྷག །རྡོ་རྗེས་བྲག་རི་འཇིག་ཅིང་དབང་པོས་ལྷ་མིན་འཇོམས། །བདུད་རྩི་དོན་གཉེར་བྱེད་རྣམས་ཡུལ་དབུས་ཉིང་ཚམས་སྦྱོར། །ཞེས་གསུངས་སོ། །དེ་ནས་ལྷ་རྣམས་བྲམ་ཟེའི་ཆ་བྱད་དུ་བྱས་ཏེ། ཛཱམ་བུའི་གླིང་དུ་མི་རྣམས་རིག་བྱེད་སློབ་

57b

ཏུ་བཅུག་ཏེ། འདི་ལྡན་མཚན་ནི་འདི་ལྟ་བུ་དག་ནི་སངས་རྒྱས་ཀྱི་མཚན་ནོ། །ཞེས་བྱ་བ་ལ་སོགས་པའོ། །ཡང་ད་སྟེ་ལོ་བཅུ་གཉིས་ནས་སངས་རྒྱས་འཇིག་རྟེན་དུ་འབྱུང་ངོ་ཞེས་ཀྱང་གྲགས་སོ། །དེ་ལྟ་བུ་རང་སངས་རྒྱས་རྣམས་ཀྱིས་ཐོས་ནས། རང་སངས་རྒྱས་དཔག་ཏུ་མེད་པ། ཡུལ་འཁོར་མོ་འཇིག་ཏུ་མྱ་ངན་ལས་འདས་ཅིང་། རིང་སྲེལ་བཞག་པས་དྲང་སྲོང་གངས་ལྷུངས་པ་ཞེས་ཀྱང་གྲགས་སོ། །དེ་ནས་ལོ་བཅུ་གཉིས་ལོན་པ་ན་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་དུ་གཤེགས་པར་དགོངས། དུས་ལ་གཟིགས་པས་སེམས་ཅན་འདུལ་བའི་དུས་དང་། གླིང་ལ་གཟིགས་པས་འཛམ་བུའི་གླིང་དང་། ཡུལ་ལ་གཟིགས་པས་ཡུལ་དབུས་དང་། རིགས་ལ་གཟིགས་པས་རིགས་ཀྱི་མཆོག་ཤཱཀྱའི་རྒྱལ་རིགས། བུད་མེད་ལ་གཟིགས་སྟེ་རིགས་ཡོན་ཏན་སུམ་ཅུ་སོ་གཉིས་དང་ལྡན་པའོ། །དེ་ལྟར་འཛོམས་པའི་ཚེ་ཛཱམ་བུའི་གླིང་དུ་བྱོན་པར་དགོངས་སོ། །དེའི་ཚེ་ཛཱམ་བུའི་གླིང་ན་ཡུལ་ཆེན་པོ་བཅུ་དྲུག་ལས་གང་དུ་སྐུ་འཁྲུངས་ཞེས་སྒྲགས་པ་ན། བྱང་ཆུབ་སེམས་དཔས་བཀའ་སྩལ་པ། མ་ག་ཏ་ན་ལུས་འཕགས་ཀྱི་རིགས་ནི། ཕ་དང་མ་རྒྱུད་

58a

༄༅།        །མ་དག་ཅིང་། ཡུལ་ཡང་རི་བོར་བའོ། །ཀོ་ས་ལའི་རིགས་ནི་ཕྱུག་ཀྱང་རིགས་ངན་ལས་ཚེ་འཕོས་པའོ། །རྦད་པ་ལ་རྒྱལ་པོ་ནི་རིགས་བཙུན་ཀྱང་ལྷག་པར་བཙུམས་པ་ཆད་པར་བལྟ་བའོ། །ཡངས་པ་ཅན་གྱི་རྒྱལ་པོ་ནི་མི་མང་ཞིང་ཁང་བཟང་པ་དང་བསྐྱེད་ཚལ་འཛོམས་ཀྱང་། རྩོད་ཅིང་ཕ་མ་དང་སློབ་དཔོན་ལ་སྲི་ཞུ་ཆུང་བའོ། །གྲོང་ཁྱེར་མཆོག་རྒྱལ་རབ་སྣང་གི་རིགས་ནི་དཔུང་ཆེ་ཞིང་གཡུལ་ལས་དཔའ་བ་ཡིན་ཡང་། སླད་ཞིང་ཟུ་ལུམ་ཅན་རྒྱུ་འབྲས་མེད་པར་ལྟ་བའོ། །གྲོང་ཁྱེར་བཅོམ་ལག་ནི་ལོ་ལེགས་ཅིང་མི་ནོར་འཛོམ་ཀྱང་ལོག་པར་བལྟ་ཞིང་མི་རྒོད་དང་འདྲ་བའོ། །གྲོང་ཁྱེར་ཧ་ཏི་ན་པུ་རི་རྒྱལ་པོ་སྐྱབས་སེང་གི་བུའི་རིགས་ནི། བཏུལ་ཕོད་ཅིང་གཟུགས་བཟང་ཡང་རིགས་ཆོལ་ཅིང་འཁྲུགས་པའོ། །བསོད་ཅིང་ཐབ་མོ་ལ་དགའ་བ་ནི་མཆོག་གི་བུ། སྡེ་འཇིགས་སུ་རུང་བ་ནི་རླུང་གི་བུ། སྲིད་གྲུབ་ལ་ནི་དབང་གི་བུ། སྲེད་སྒྲུབ་ལ་ནི་རིགས་མེད། ལྷར་བཅས་ལ་ནི་ཐ་སྐར་གྱི་བུ། ཞེས་པས་རིགས་པ་མ་ཡིན་ནོ། །བཅོམ་བརླག་གི་རྒྱལ་པོ་ནི། དཔུང་

58b

གི་ཚོགས་བཞི་ཡང་འཛོམ། རིན་ཆེན་མང་ཆོས་ལ་དད་ཀྱང་བུ་སྐྱེད་པའི་ནུས་པ་མེད། དེས་ན་ཤཱཀྱའི་རིགས་ནི་སྐྱོན་བྲལ་ཁོ་ན་ཡིན། །ཟས་གཙང་རྒྱལ་པོའི་རིགས་འདི་རིགས་མཆོག་ལྡན། །འཁོར་ལོ་རྒྱུར་རིགས་རྣམ་དག་ཆོ་རིས་ཅན། །སྐྱེས་བུ་དམ་པ་ཆོས་ལྡན་རིམ་འགྲོར་བྱེད། །ཅེས་སོགས་གསུངས་ནས། ཡིད་འོང་སྒྱུ་མས་སྤྲུལ་པའི་གཟུགས་མཛེས་ལྡན། །དྲང་སྲོང་ཆེན་པོའི་མར་ནི་དེ་འོས་ཏེ། །ཚེ་རབས་ལྔ་བརྒྱ་ཚང་པ་ཁོ་ནར་ཡང་། །བྱང་ཆུབ་སེམས་དཔའི་མར་ནི་གྱུར་པ་ཡིན། །ཅེས་གསུངས་ཏེ་ལྷུམས་སུ་འཇུག་པར་བརྩམས་པ་ན། ལྷ་རྣམས་ཀྱིས་གསོལ་པ་བདག་ཅག་རྣམས་སུ་ལ་ཆོས་ཉན། བྱང་ཆུབ་སེམས་དཔས་རང་གི་དབུ་བརྒྱན་དང་། ཅོད་པན་དག་བྱམས་པའི་མགོ་ལ་བཞག་ཏེ། བྱམས་མགོན་ཁྱོད་ནི་དགའ་ལྡན་ལྷ་རྣམས་ལ། །དམ་པའི་ཆོས་རྔ་རྒྱ་ཆེན་སྒྲོགས་པའི་ཕྱིར། །ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར་གྱིས། །ངའི་གཡོག་ཏུ་རྫོགས་པའི་སངས་རྒྱས་འགྱུར། །ཅེས་གསུངས་ནས། གླང་ཆེན་ཐལ་དཀར་གྱི་གཟུགས་ཀྱིས་ཡུམ་གྱི་ལྷུམས་སུ་ཞུགས་

59a

༄༅།        །པར་གྱུར་ཏོ། དེའི་ཚེ་ཡུམ་ལ་རྨི་ལྟས་བྱུང་བ་ནི། སྨྲས་པ། ཁ་བ་དངུལ་གྱི་མདོག་འདྲ་ཟླ་ཉིའི་འོད་ལས་འཕགས། །མཆེ་བ་དྲུག་ལྡན་སྤྱི་གཙུག་ལྷམ་བུ་ཆུ་ཤེལ་མདོག །རྡོ་རྗེའི་ལུས་ཅན་རབ་མཛེས་གསེར་གྱི་དྲ་བས་གཡོགས། །གཉིས་འཐུང་གཞོན་ནུའི་མཆོག་ཅིག་ཁོང་དུ་ཞུགས་སྙམ་བགྱིད། །ཅེས་སོ། །བྱང་ཆུབ་སེམས་དཔས་ཡུམ་གྱི་ལྷུམས་དེ་ཚངས་པའི་གཞལ་མེད་ཁང་རིན་ཆེན་བཀོད་པ་ཞེས་བྱ་བར་བྱིན་གྱིས་བརླབས་ནས། ཟླ་བ་བཅུར་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་ཅིང་། ལྷ་དང་མི་ཕྲག་ཁྲིག་ཕྲག་སུམ་ཅུ་སྨིན་པར་མཛད་པ་ནི། ཆུ་ཁུར་ཆུའི་ཁུར་ལྡན་འབྲུག་གི་སྒྲ། །ཐོས་པའི་རྨ་བྱ་ཆར་སྡོད་བྱིའུ་ལྟར། །ལྷུམས་ཞུགས་སེམས་དཔའི་གསུང་གི་དགའ་སྐྱེད་ཅིང་། །ལྷ་མི་ཁྲག་ཁྲིག་ཆོས་ཆར་གྱིས་སྨིན་མཛད། །ཇི་ལྟར་བཞུགས་པའི་ཚུལ་ནི། ཐུབ་ཆེན་ལྷུམས་ཞུགས་མཚན་དཔེས་སྤྲས་པའི་སྐུ། །ཉ་གང་ཟླ་བ་འོ་མའི་ཚོར་བཞུགས་སམ། །བརྒྱ་བྱིན་ཁང་པའི་ལོགས་ལ་རྣམ་བཀྲའི་ལུས། །མེ་ལོང་ངོས་ལ་གླང་པོའི་གཟུགས་རྗེས་

59b

འགྲོ། །དུས་དིར་ཟས་གཙང་རྒྱལ་པོའི་ཕོ་བྲང་ནི། །ངང་སྐྱ་ལྡན་ཞེས་བྱ་བར་བཀྲ་ཤིས་ཀྱི། །སྔ་ལྟས་སུམ་ཅུ་རྩ་གཉིས་གངས་རི་ལས། །སེང་གེའི་གཞོན་ནུ་ལྔ་བརྒྱ་ལ་སོགས་འབྱུང་། །དེ་ནས་ཟླ་བ་བཅུ་ཚང་བ་དང་། བཙུན་མོ་ཟླུམ་བི་ནིས་བསྐྱེད་པའི་ཚལ་དུ་བྱོན་ཏེ། ལྗོན་པའི་ཤིང་ལ་ལག་ཤས་དྲན་ཅིང་ལོ་མ་མེ་ཏོག་ཕར་ཅིང་འབྲས་བུ་རྒྱས་པ་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་གྱིས་རྟེན་པའི་ཡལ་ག་ལ་འཇུས་ཏེ། སྐར་མ་རྒྱལ་ལ་བབ་པ་ན། གོས་བརྒྱན་དང་བཅས་སྟེ་སྐུ་ལྟམས་པར་གྱུར་པ་ནི། ཉི་མ་གཞོན་ནུ་སྤྲིན་དཀར་ཚམས་ལས་བཞིན། །ལྷ་མཛེས་ལང་ཚོའི་གོ་བར་ལ་ལྟམ་ཚེ། །ཕུན་ཚོགས་འོད་ཀྱིས་སྲིད་གསུམ་སྣང་བྱས་ཤིང་། །དྲི་མེད་རལ་གྲི་ཤུབས་ནས་དྲངས་པ་འདྲ། །དེའི་ཚེ་ལྷ་དང་ཀླུ་རྣམས་ཀྱིས་ཁྲུས་གསོལ་བ་ནི། དཔྱིད་ཀྱི་ཉི་མས་ལྷ་ཡི་ལམ། །གཞུ་འདྲ་གཾ་གཱི་བསིལ་མངར་གྱིས། །དྲི་མེད་མཛེས་སྐུ་བཀྲུ་བའི་ཚུལ། །ལྷ་དང་གདེངས་ཅན་རྒྱལ་པོས་གསོལ། །ཕྱོགས་སུ་གོམ་པ་བདུན་བདུན་བོར་ཏེ། ང་ནི་ཁམས་གསུམ་ན་ཕུལ་དུ་བྱུང་བའོ། །ཞེས་སོགས་གསུངས་སོ། །

60a

༄༅།        །འོག་གི་རྒྱ་མཚོ་ལས་བྱུང་པ་ས་ཆེན་ས་སྡོལ་བ་བསྐྱེས་བུ་དམ་པ་དང་། ཚངས་ཆེན་གྱི་ལྷས་མཐོང་བའི་པད་མ་ལ། བཅུད་བསིལ་དང་ལྡན་པ་བླངས་ནས་གཞོན་ནུས་འཐུངས་པ་ནི། འོག་གཞིའི་རྒྱ་མཚོ་ཆེན་པོ་ལས་སྐྱེས་ས་ཆེན་དཔག་ཚད་འབུམ་ཕྲག་དྲུག་བཅུ་རྩ་བརྒྱད་དང་། །ཡོངས་སུ་བསྟོལ་བའི་པད་མ་རབ་མཛེས་ཚངས་པའི་འཇིག་རྟེན་འཕགས་པ་སྟོང་གསུམ་གྱི། ཁམས་ལས་ཉིང་ཁུའི་སྙིང་པོ་ཇི་སྙེད་བཅུད་ནི་བསིལ་མངར་ཐིགས་པར་ཆགས་པ་གཞོན་ནུས་ཐུངས། །རྡོ་རྗེའི་ལུས་བསྲས་སེམས་དཔའ་ཆེ་དེའི་སྟོབས་རྒྱས་གྱུར་ཏེ་གཞན་གྱིས་འཇུ་བ་མིན། །དེ་དང་དུས་མཉམ་དུ། མ་ག་ཏར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་པད་མ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོ་ས་ལར་གཉན་ཡོད་དུ་ཚངས་སྦྱིན་གྱི་བུ་གསལ་རྒྱལ། བད་ས་ལར་ཀོའུ་ཤཾ་བྷིར་དམག་བརྒྱ་པའི་བུ་ཤར་བ། འཕར་རྒྱལ་དུ་མུ་ཁྱུད་ཐ་ཡས་ཀྱི་བུ་སྟུམ་པོ་རབ་སྣང་བཙས་ཏེ་འོད་ཆེན་པོ་དེ་རང་བཞིན་གྱིས་བུ་སྐྱེས་པ་ལས་བྱུང་ངོ་སྙམ་ནས་གསལ་རྒྱལ་ཞེས་སོགས་མིང་དུ་བཏགས་སོ། །གཞན་ཡང་ཡ་རབས་ཀྱི་རིགས་ལྔ་བརྒྱ། ས་མཚོ་དང་གྲགས་འཛིན་ལ་སོགས་པའི་བུ་མོ་ཁྲི།

60b

སྔགས་ལྡན་ལ་སོགས་རྟེའུ་ཁྲི། བསྐྱེད་མོས་ཚལ་བརྒྱ་ཐམ་པ། རིན་པོ་ཆེའི་གཏེར་ལྔ་བརྒྱ། ཨུ་དུམ་བ་རའི་མེ་ཏོག་གི་ཚལ་ཆེན་པོ་ཡུལ་དབུས་སུ་བྱང་ཆུབ་ཀྱི་ཤིང་ཡང་ལེགས་པར་འཁྲུངས་ཤིང་དོན་ཐམས་ཅད་གྲུབ་པས། མིང་ཡང་དོན་གྲུབ་ཅེས་བཏགས་སོ། །དུས་དེར་སྤྲུ་སྐྱེ་དགུའི་བདག་མོ་ལ་སྲས་གཅིག་བལྟམས་པས། གཟུགས་ཤིན་ཏུ་མཛེས་པས། མཛེས་དགའོ་ཞེས་བཏགས་ཏེ་ཟས་གཙང་ལ་སྲས་གཉིས་ཡོད་དོ། །ཟས་དཀར་ལ་བཟང་ལྡན་དང་། བཟང་རྒྱལ་གཉིས། བྲེ་བོ་ཟས་ལ་མ་འགགས་པ་དང་མིང་ཆེན་གཉིས། བདུད་རྩི་ཟས་ལ་ལྷ་སྦྱིན་དང་། ཀུན་དགའ་བོ་གཉིས་ཡོད་དོ། །དེ་ནས་སྤྲུ་སྐྱེ་རྒུའི་བདག་མོ་ནི་གཞོན་ནུའི་སྐྲུ་མོ་ཡིན་ཏེ། དེ་ལ་བཏད་དོ། །ཡང་སྤང་ན་མཚོ་བའི་མ་མ་བརྒྱད། ནུ་མ་བསྣུན་པ་བརྒྱད། རྩེད་མོ་རྩེ་བ་བརྒྱད། དྲི་མ་ཁྲུད་པ་བརྒྱད་ད་སྟེ་སོ་གཉིས་བསྐོས་ནས། བསྐྱེད་སྲིངས་པ་ནི། པད་མོའི་མངལ་སྐྱེས་གདོང་བཞིའི་ལུས་སྲས་དང་། །ཟླ་བ་གཞོན་ནུ་ཉ་གང་རང་གཟུགས་ཞག་གིས་སྐྱེད། །གཟི་བརྗིད་ཉི་གཞོན་ལས་ལྷག་འགྲོ་བའི་མིག །ཕྱི་རོལ་མུན་འཇོམས་རང་བདེ་

61a

༄༅།        །པད་མོའི་ཚལ། །གཞོན་ནུ་ལྟམ་ནས་ཞག་བདུན་ལོན་པ་ན་ཡུམ་ལྷ་མཛེས་སུམ་བཅུ་རྩ་གསུམ་དུ་སྐུ་མཁྲུངས། དེའི་ཚེ་རི་བོ་གངས་ཅན་ན་དྲང་སྲོང་ནག་པོ་ཞེས་བྱ་བ་ཡོད་པ་དེས། ས་གཡོས་ཀུན་ཏུ་འོད་ཀྱིས་གང་། མེ་ཏོག་གི་ཆར་བབས་པས། མངོན་པར་ཤེས་པ་ལྔ་དང་ལྡན་པས། རྟགས་དེས་སངས་རྒྱས་འཁྲུངས་པར་ཤེས་ནས། རང་གི་སྣག་གི་ཚ་བོ་མེས་སྦྱིན་ཁྲིད་དེ་འོངས་སོ། །གཞོན་ནུ་ཡབ་ཟས་གཙང་གི་པང་དུ་བཞག་སྟེ་ལྟས་པས། མཚན་དཔེ་དང་ལྡན་པར་མཐོང་ནས་སྨྲས་པ། ཨུ་དུམ་ཝ་རའི་མེ་ཏོག་ནི། །རྒྱ་ལམ་འཇིག་རྟེན་འབྱུང་པ་ལྟར། །སངས་རྒྱས་གྱུར་ནས་ཆོས་འཁོར་བསྐོར། །ཡང་ན་འཁོར་ལོ་བསྒྱུར་རྒྱལ་འགྱུར། །ཞེས་བཤད། བསྟོན་པ་སངས་རྒྱས་ནས་ཆོས་གསུངས་པ་ལ་ལོ་མང་ཞིང་། ཁོ་བོའི་ཚེ་ཚད་ཞག་བདུན་ལས་མེད་པས། སྨྲས་པ། བསྟོན་པ་བྱོན་ཏེ་བྲམ་ཟེ་རྒས་སོ་ཞེས་ས་ལ་འགྱེལ་ཞིང་རང་གནས་སུ་སོང་ངོ་། །དོན་གྲུབ་ཀྱིས་ཡི་གེ་ལ་སོགས་པ་བཟོ་ཡི་རིགས་སྦྱངས་པའི་ཚུལ་ཡང་། ལྷ་མིའི་སྲིད་པ་འདི་ན་བསྟན་ཆོས་གང་ཡོད་

61b

དང་། །གྲངས་དང་ཡི་གེ་རྩིས་དང་ཁམས་ཀྱི་རྒྱུ་དག་དང་། །འཇིག་རྟེན་བཟོ་སྦྱངས་སྦྱོར་བ་ཚད་མེད་མང་པོ་དག །ཤིན་ཏུ་ལོབས་ཀྱང་སླབ་ཚུལ་ཡི་གེའི་དྲལ་བཞུགས་སོ། །ཞེས་སོགས་སྨྲས་སོ། །ཆེར་སྐྱེས་ནས་ཤཱཀྱ་རྒན་རབས་དག་གིས་བཞོན་པ་ཁབ་དུ་བཞེས་ན་འཁོར་ལོ་སྒྱུར་བར་འགྱུར་ཞེས་ཟེར་སྟེ། བཙུན་མོ་བླང་བར་རིགས་སོ། །ཡབ་ཀྱིས་བརྩལ་པ། དོན་གྲུབ་ཀྱི་ཡིད་དང་འཐུན་པའི་བུ་མོ་གང་ཡོད་ལྟོས་ཅིག །ཤཱཀྱ་ལྔ་བརྒྱ་ཙམ་གྱིས། ངའི་བུ་མོ་དང་ཐུགས་མཐུན་ནོ་ཞེས་སྨྲས་པས་ཡབ་ཀྱི་གཞོན་ནུ་ལ་བྲིས་ཅིག །བྲིས་ནས། འདོད་པའི་སྐྱོན་མང་མི་ཟད་ཁོ་བོས་རིག །ཐབ་མོ་འཁོན་བཅས་མྱ་ངན་བསྡུག་བསྔལ་རྒྱུ། །རབ་འཇིགས་དུག་གི་ལོ་མ་དང་མཚུངས་སྟེ། །འདོད་པའི་ལོངས་སྤྱོད་བདག་འདོད་མ་ཡིན་ཡང་། །ཅེས་སོགས་གསུངས་ཤིང་། ཡང་བཀའ་སྩལ་པ། སྔོན་གྱི་སངས་རྒྱས་རྣམས་ཀྱང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་སངས་རྒྱས་སོ། །ཁོ་བོ་ཡང་དེ་རྣམས་ཀྱི་རྗེས་སུ་སྙེགས་པའི་ཕྱིར་སླབ་ཀྱི། བུད་མེད་ཀྱི་གཡོ་སྒྱུ་དྲུག་བཅུ་རྩ་གཉིས་མེད་ཅིང་། ཡོན་ཏན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཡོད་ན་ཚོལ་

62a

༄༅།        །ཅིག །ཡང་ཡིག་གེར་བྲིས་པ། བག་ཡོད་གཟུགས་མཛེས་རིགས་བཟངས་བདག་ལ་མངོན་པར་དགའ། །བུ་ནི་མ་ལ་བྱམས་ལྟར་རྩེ་བའི་སེམས་པ་ལྡན། །སྦྱིན་ལ་དགའ་སྟེ་དགེ་སྦྱོང་བྲམ་ཟེའི་ངང་ཚུལ་ཅན། །གཞན་ཡིད་སེམས་མིན་དེ་འདྲའི་བུ་མོ་བདག་ལ་རྩོལ། །ཞེས་པ་ཁྱེར་ཏེ་འདུན་ན་འདོན་གྱིས་ཀུན་དུ་བཙལ་བས། ལག་ན་བེ་ཅོན་གྱི་བུ་མོ་ས་མཚོ་མས་ཐོང་སྟེ་བྲིས་པ། བདག་ལ་ཡོན་ཏན་འདི་དག་ཀུན་ཡང་ལྡན་མཆིས་ཀྱིས། །དེས་པའི་གཟུགས་ཅན་འདི་ནི་ཁོ་མོའི་ཁྱིམ་ཐབ་འོས། །གལ་ཏེ་གཞོན་ནུ་གཞེད་ན་ཕྱི་ཤོལ་མ་མཛད་ཅིག །རྒྱ་ལ་སྐྱེ་བོ་ཕལ་དང་འགྲོགས་པར་གྱུར་ཀྱང་གདའོ། །དེ་ནས་ཟས་གཙང་གིས་བུད་མེད་ནི་གཡོ་ཆེ་ཞིང་རྟག་ཏུ་གསང་བའི་ཡིད་ཅན་སྟེ། ཞག་བདུན་ནས་བྱང་ཆུབ་སེམས་དཔའི་སེང་གེའི་ཁྲི་ལ་ཁོད་ནས། བརྒྱན་འགྱེད་པས་ཤོག་ཤིག །དེའི་ཚེ་ཤཱཀྱའི་བུ་མོ་ལྔ་བརྒྱ་ཡོང་སྟེ། ཡོ་བྱད་དག་ཁྱེར་ནས། གཞོན་ནུའི་དཔལ་དང་གཟི་བརྗིད་མ་བཟོད་པས་ཞུམ་པས་སོང་ངོ་། །རྒྱན་རྣམས་ཟད་སྟེ་རིང་ཞིག་ནས། ས་མཚོ་མ་འོངས་

62b

ནས་གཞོན་ནུ་ལ་མིག་ཞུམ་པར་ལྟས་ཏེ། འཛུམ་པ་དང་བཅས་པས། ལྷ་བདག་གིས་ཅི་ཞིག་བགྱིས་ནས་བདག་ལ་ཐུགས་ངན་མཛད། བཀའ་སྩལ་པ། ཁོ་བོས་ནི་ཁྱོད་ལ་ངན་སྟངས་མིན་གྱིས། ཁྱོད་ཡུན་རིངས་འཆིས་པས་ལན་ནོ་ཞེས་གསུངས་ཏེ། སོར་རྡུབ་སྲང་སྟོང་རི་བ་ཕྱག་སོར་ལས་ཕུད་པ་དང་། མུ་ཏིག་གི་ཕྲེང་བ་རིན་པོ་ཆེ་དུ་མས་སྤྲས་པ་སྲང་འབུམ་ཕྲག་དུ་མ་རི་བ་མགུལ་ལས་བཀྲོལ་ཏེ་གནང་ངོ་། །མོས་གསོལ་པ། བདག་ནི་བརྒྱན་འདི་ཁོ་ན་ལ་དམིགས་པ་ཡང་མ་ལགས་ཏེ། ཐོག་མེད་དད་འདུན་ཡིད་ཀྱིས་ཁྱོད་སེམས་པའི། །ཡིད་ཅན་ལྔ་པར་གྱུར་ཀྱང་མི་འདོར་སྟེ། །བཙན་དན་ས་དྷཱ་ཀ་རིའི་དྲི་ཞིམ་ནི། །སོལ་བ་ལས་ཀྱང་སླུ་བ་མ་ལགས་སོ། །ཞེས་གསོལ་ཏེ་སོང་ངོ་། །དེ་ནས་བྱ་བས་ཟས་གཙང་ལ་རྩོལ་པ། རྒྱལ་བུ་ནི་ས་མཚོ་མ་ལ་སྤྱན་བྱམས་དྲིད་ལ། སྐམ་འཆིད་ཀྱང་ཅུང་ཟད་བགྱིད་དོ། །རྒྱལ་པོས་ཤཱཀྱ་ལག་ན་བེ་ཅོན་ལ་ཕོ་ཉ་བསྟང་ཏེ། ཁྱོད་ཀྱི་བུ་མོ་ངའི་བུ་ལ་བྱིན་ཅིག །ལག་ན་བེ་ཅོན་གྱིས་སྨྲས་པ། ཁྱོད་ཀྱི་བུ་ཕོ་ཕོ་བྲང་སྐྱིད་དེ་

63a

༄༅།        །བར་འཁྲུངས་ཤིང་འདུག་པས། རྒྱུ་རྩལ་གང་ཡང་མི་ཤེས་ཏེ། ངའི་བུ་མོ་ནི་རྒྱུ་རྩལ་མཁས་པ་ལ་སྦྱིན་ནོ་ཞེས་སོ། །ཟས་གཙང་ཁྲུགས་སྟེ། སྟལ་རྒྱལ་བུས་ཚོར་ནས་ད་སྟེ་ཞག་བདུན་ནས་རྒྱུ་རྩལ་འགྲན་ནོ། །སྐབས་དེར་ཤཱཀྱ་རྩལ་ཆེ་བ་ལྔ་བརྒྱ་འདུས་ནས་ལྷ་སྦྱིན་གྲོང་ཁྱེར་དུ་བཞུགས་སོ། །དུས་དེར་ལྷ་བསྟན་གྱི་ལི་ཙ་བྱི་རྣམས་ཀྱིས་ཁྱེར་འོངས་པའི་གླང་པོ་ཆེ་ཆེས་ཆེ་བ་ཁྲིད་དེ་འོངས་པར་ཐོང་ནས་འདི་སུ་ཡིས། ཟས་གཙང་། གཞོན་ནུའི་ཕྲག་དོག་དང་སྟོབས་ཀྱིས་དྲེགས་པས་ཐལ་མོ་གཅིག་སྣུན་པས་བསད་དོ། །མཛེས་དགའ་བོ་བྱུང་སྟེ་འདི་སུས་བསད། ལྷ་སྦྱིན་གྱིས་སོ། །མ་ལེགས་ཏེ་ཟེར་ཏེ་རྔ་མ་ནས་བཟུང་སྟེ་སྒོ་དྲུང་དུ་བཞག་གོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཤིང་ཏ་ལ་ཞོན་ནས་བྱུང་བ་མཐོང་སྟེ། གང་ནས་བྱུང་། ཁྱོད་ལ་འཕུལ་བའི་ཕྱིར་ལྷས་བསྟན་ནས་སོ། །ལྷ་སྦྱིན་ཕྲག་དོག་དང་སྟོབས་ཀྱིས་སོ། །འདིར་སུས་བཞག །མཛེས་དགས་སོ། །མ་ལེ་མོད་ཀྱི། ལུས་ཤིན་ཏུ་ཆེ་བས་རུལ་ནས་གྲོང་ཁྱེར་བ་རྣམས་དྲི་ང་བ་སྣོམ་པར་བྱེད་དོ་ཞེས་ཤིང་ཏ་ལ་བདུན་བཞིན་དུ་རྐང་པའི་ཐེ་བོས་གླང་པོ་ཆེའི་

63b

རོ་བླངས་སྟེ་སྐྱུར་བས། ལྕགས་རི་རིམ་པ་བདུན། འོབས་རིམ་པ་བདུན་འདས། རྒྱང་གྲགས་གཅིག་ཙམ་དུ་འཕངས་པས། ས་གཞི་ཡང་འོར་ཏུ་གྱུར་ཏེ་ད་ལྟ་གླང་པོ་ཤོངས་སུ་གྲགས་སོ། །ལྷ་དང་མི་མང་པོས་ཅ་ཅོ་དང་ག་ཤའི་སྒྲ་འབྱིན་པས། ཞབས་ཀྱིས་ཐེ་བོས་ཆེས་ཆེའི་གླང་པོ་ནི། །ས་ལ་རབ་རྟན་ལས་ལྷག་གངས་རིའི་ཁྱོན། །བླངས་ནས་གཉིས་ཐུང་དབང་པོ་རྡོ་བཞིན་ཕངས། །ར་བ་འོབས་བདུན་འདས་ནས་རྒྱང་གྲགས་ཙམ། །རྒྱང་རིངས་འཕངས་ནས་ས་བཞི་འོར་དུ་བྱས། །འཁོར་བའི་གྲོང་ལས་སྟེང་ཕྱོགས་རྒྱང་རིང་དུ། །ཤེས་རབ་ཐབས་ཀྱིས་འཕྲུལ་འཁོར་རྩོན་ལྡན་པས། །འཕང་སྟེ་ཐར་པའི་གོང་ནི་འཇོག་པར་བྱེད། །ཅེས་ཟེར་རོ། །སྐྱེ་བོ་འབུམ་ཕྲག་ཚོགས་ཏེ་སྒྱུ་རྩལ་རྩོལ་ཏེ། ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་རུ་མཚོན་དུ་བཞག་ཏེ། རལ་གྱིའི་ཐབས་དང་། སྟ་དང་གླང་པོའི་ཐབས་དང་། འཁོར་ལོ་དང་། འཛིངས་པ་དང་། ཀུན་གྱི་བཤེས་གཉེན་དང་། སྲིད་སྒྲུབ་ཕངས་དུ་བྱས་ནས། ཡི་གེ་དང་རྩིས་དང་། དྲངས་རྣམས་ལས་དོན་གྲུབ་རྒྱལ་བར་གྱུར་ཏོ། །མཛེས་དགའ་དང་། ཀུན་དགའ་བོས་འཇུས་ཏེ་མ་ཐག་

64a

༄༅།        །འགྱེལ། ལྷ་སྦྱིན་ནི་སོར་རྩེར་རྩེས་སྟེ་བླངས་ཏེ་སྤང་དུ་བསྐོར་ནས་ང་རྒྱལ་བཅག་པའི་ཕྱིར་ས་ལ་བཞག་གོ། །ཤཱཀྱ་ལྔ་བརྒྱ་ཙམ་གྱིས་རུབ་པས་ཐམས་ཅད་ས་ལ་འགྱེལ་ཏེ། ལྷ་རྣམས་ཀྱིས་སྒད་ནས་སྨྲས་པ། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པའི། །རྒྱ་ཆེན་སྟོབས་ལྡན་ཆེས་ཆེ་ཐ་དག་གིས། །གཅིག་པར་སྐྱེས་བུ་མཆོག་ལ་རུབ་གྱུར་ཀྱང་། །རེག་པ་ཙམ་གྱིས་ས་ལ་འགྱེལ་བར་འགྱུར། །ཞེས་སོ། །མདའ་བྲན་པའི་ཕྱིར་ཀུན་དགའ་བོས། རྒྱང་གྲགས་ཀྱི་ཕ་རོལ་ཏུ་ལྕགས་ཀྱི་སྔ་གཅིག་ལ་ཕོག །ལྷ་སྦྱིན་གྱིས་རྒྱང་གྲགས་བཞིའི་ཕ་རོལ་ཏུའོ། །མཛེས་དགའས་དྲུག །ལག་ན་བེ་ཅོན་ཉིད་ཀྱིས་རྒྱང་གྲགས་བརྒྱད་དུ་འབེན་ལ་ཕོག་གོ། །གཞོན་ནུས་རྒྱང་གྲགས་བཅུའི་ཕ་རོལ་ཏུ་ཤིང་རྟ་ལ་བདུན། ལྕགས་ཀྱི་རྔ་བདུན། ལྕགས་ཀྱི་ཕག་རྣམས་བཙུགས་སོ། །གཞོན་ནུ་ལ་གཞུ་གང་བྱིན་པ་ཕྱག་སྟེ། ཡབ་ལ་གསོལ་པ། གཞུ་གང་གིས་བཟོད། ལྷ་གང་ན་མེས་སེང་གེ་འགྲམ་གྱི་གནམ་རུ་ཡོད་མོད། གདུང་བར་ཡང་མི་ནུས་ན་ཐེན་པར་ལྟ་ཅི་སྨོས། གསོལ་པ་ཚད་པར་བགྱིའོ། །

64b

ཤཱཀྱ་རྣམས་ཀྱིས་ཁྱོགས་ལ་བླངས་སོ། །ལག་ན་བེ་ཅོན་དང་ཤཱཀྱ་ཐམས་ཅད་ཀྱི་སྟོབས་དང་རྩལ་ཕྱུང་ཀྱང་དགུག་པར་མི་ནུས་སོ། །གཞོན་ནུ་ཕྱེད་དཀྲུངས་ཀྱི་གདུངས་ཀྱིས་མདའ་འཕངས་ཏེ། ཤིང་བདུན་རྔ་བདུན་ཕག་རྣམས་ཐལ་ཕྱུང་སྟེ་ས་ལ་ཟུག་པས། ཀླུས་ཕྱུང་སྟེ་ཕྱུང་པས་ཆུ་སྡོལ་ཏེ་མདའ་ཆུ་ཁྲོན་པར་གྲགས་སོ། །ལྷས་སྨྲས་པ། བྱང་ཆུབ་ཤིང་དྲུང་རྡོ་རྗེའི་གདན་ལ་བཞུགས། །ཞི་གནས་གནམ་དུ་བདག་མེད་སྟོང་ཉིད་ཀྱི། །སྒྲོ་ལྡན་འཕངས་པས་ཉོན་མོངས་དགྲ་བོ་བཅོམ། །ལྟ་བའི་དྲ་བ་དྲལ་ནས་སངས་རྒྱས་ཐོབ། །ཅེས་ཟེར་ཅིང་གད་མོ་བྱས་སོ། །དེ་ནས་ལག་ན་བེ་ཅོན་གྱིས་རང་གི་བུ་མོ་ས་མཚོ་ཕུལ་ཏེ། དེ་དང་གྲགས་འཛིན་དང་རི་དགས་སྐྱེས་མ་སོགས་བཙུན་མོ་སྟོང་ཕྲག་དྲུག་བཅུ་ཁབ་ཏུ་བཞེས་ནས་སྐྱེད་མོས་ཚལ་དང་ཕོ་བྲང་དུ་དགའ་ཞིང་སྤྱོད་པར་བྱེད་དོ། །ས་མཚོ་ནི། སྐྱེས་རྒྱུད་ཀྱང་མི་ཞན་ལ་གདོང་འགྱེབས་པར་མི་བྱེད། བག་མའི་ཚུལ་ཆོས་མི་བྱེད་པས་སྐྱེ་བོ་དག་ཆ་བར་བྱེད་དོ། །གང་ལ་ཁྱོས་མཆོག་སྐྱེས་བུ་གཞན་ལ་ཡིད་མི་གཡོ། །སེམས་དྲང་བུད་མེད་ཉི་ཟླ་བཞིན་དུ་

65a

༄༅།        །མ་གཡོགས་གསལ། ཁོ་མོ་ཚུལ་ཁྲིམས་ཡོན་ཏན་སྡོམ་དང་བག་ཡོད་རྟེན། །དེ་ལྟ་ལྡན་པའི་ན་ཆུང་གདོང་ཀབ་ཅི་ཞིག་དགོས། །གལ་ཏེ་ལུས་ལ་གོས་ནི་སྟོང་གིས་གཡོགས་གྱུར་ཀྱང་། །ངོ་ཚ་དང་བྲལ་ཁྲེལ་མེད་རྒྱུ་ཤུན་གདེན་ཚིག་མེད། །སྙིང་ལ་སྡིག་ཡོད་ཁ་འཇམ་སྨྲ་ཡང་ཕ་རོལ་རྟེན། །དེ་འདྲ་གདོང་རྦས་གྱུར་ཀྱང་སྒྲེན་མོར་འཇིག་རྟེན་རྒྱུ། །ཞེས་སྨྲས་སོ། །ལོ་རིང་ཞིག་ནས་བྱང་ཆུབ་སེམས་དཔའ་ཆོས་ལ་བསྐུལ་བའི་སྒྲ་བྱུང་སྟེ། གཞོན་ནུས་འདུན་པ་ལ་སྐྱེད་ཚལ་དུ་འགྲོ་ཡིས། མི་སྟ་སྦྱོར་ཅིག །སྒོ་བཞིར་ཕྱིན་པས་རྒས་པ་དང་། ན་བ་དང་། འཆི་བ་དང་། རབ་ཏུ་བྱུང་བ་གཟིགས་ཏེ། རང་ཉིད་མཐར་པར་གཤེགས་པར་དགོངས་སོ། །ད་སྟེ་ཞག་བདུན་ནས་གཞོན་ནུ་རབ་ཏུ་བྱུང་བར་ཐོས་སོ། །ཞེས་ཟས་གཙང་གིས་ཐོས་པས། སེར་སྐྱའི་གྲོང་ལ་འོབས་རིམ་པ་བདུན་བདུན་གྱིས་སྐོར། སྒོ་ཕར་ལྕགས་ཅན་ལ་སྒྲ་དཔག་ཚད་དུ་གྲག་པ་བཟོས། ཟས་གཙང་དཔུང་བཅས་ཤར་སྒོ། བྲེ་བོ་ཟས་ལྷོ་སྒོ། ཟས་སྐར་གྱིས་ནུབ་སྒོ། བདུད་རྩི་ཟས་དཔུང་བཅས་བྱང་སྒོ། གྲོང་གི་དབུས་ཐམས་ཅད་མིང་ཆེན་རྒྱུ་ཞིང་

65b

མེལ་རྩེ་བྱེད་དོ། །དེ་ནུབ་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་ས་མཚོ་མ་སེམས་ཅན་དང་ལྡན་པར་བྱས་སོ། །མདོ་ཁ་ཅིག་ཏུ་གྲགས་འཛིན་མ་ཞེས་ཀྱང་འབྱུང་། དེ་ཡང་། མར་མེ་མཛད་ལུང་བསྟན་པ་ནས། །དེ་བཞིན་གཤེགས་པ་འདོད་ཆགས་བྲལ། །དགྲ་ཅན་འཛིན་ལ་སྲས་ཅེས་གསུངས། །འདི་ནི་འཇིག་རྟེན་ཐུན་འཇུག་ཡིན། །དེ་མེ་མཛད་ལུང་བསྟན་པ་ནས། །དེ་བཞིན་གཤེགས་པ་འདོད་ཆགས་བྲལ། །དེ་ནུབ་བཙུན་མོའི་ཚོགས་ལ་ཕྱིར་གཟིགས་པས། ལ་ལ་ནི་ལུས་དང་གོས་བསྡུག་པར་འདུག །ཁ་ཅིག་ནི་སླ་ཞིང་བབ་ཆོལ་སྨྲ། འགའ་ཞིག་སྐྲ་ཞིག་ཁ་ཆུ་འཛག །ཁ་ཅིག་མིག་སློ་ཅིང་ཆལ། ལ་ལ་ངན་སྐྱུགས་ཀྱིས་གོས་ཅིང་དྲི་ང་སྟེ། ཁྱིམ་ལ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེ་བར་འགྱུར་རོ། །གྲགས་འཛིན་གྱི་རྨི་ལམ་དུ། བརྒྱན་དང་གཅོད་པན་གྲོལ་བ་ལ་སོགས་པ་རྨི་ཏེ། གཞོན་ནུ་ལ་སྩོལ་པས། བཀའ་སྩལ་པ། ཁྱོད་ཀྱི་སོ་ནི་ཁ་ནང་འདུག །ཟླ་བ་གང་བ་མཐར་གནས་ཀྱིས། །ཡིད་ནི་བསྡུག་བསྔལ་མ་བྱེད་པར། །དོགས་མེད་བདེ་བར་གཉིད་ལོག་ཅིག །ཅེས་གསུངས་སོ། །

66a

༄༅།        །(ས་མཚོའི)རྨི་ལམ་འཇིག་བཅས་མཚན་མ་ངན། །བདག་སྐྱོང་ཐོན་སྙམ་ཡིད་སློང་སྐྱོ། །དོ་ནུབ་མཚན་མོ་ཡིད་བསྡུག་དང་། །བྲལ་སྟེ་སྡུག་བསྔལ་མི་མྱོང་དྲང་། །ཟེར་ཏེ་མྱལ་ཏོ། །ཕ་མས་མ་གནང་པ་མི་རུང་། མི་རུང་དགོངས་ནས་ཡབ་ལ་སྩོལ་ཏེ། སྨྲས་ནས་འདུན་པ་སྔགས་ལྡན་འོན་ཅིག །གསོལ་པ་ལྷ་གཅིག །སྐྱེད་མོས་ཚལ་དུ་འགྲོ་བའི་དུས་མ་ཡིན། །ཉིད་དང་འཁོན་པ་འདི་ན་འགའ་ཡང་མེད། ཁྱོད་ལ་དགྲ་བོ་སུ་ཡང་མ་འཆིས་པས། །དགུང་ཕྱེད་ཁྱེད་ལ་སྤྱིབས་དང་ཅི་ཞིག་བགྱི། །ཟེར་རོ། །གཞོན་ནུས་རྟ་བཟུང་ཀྱང་། ཕར་ཀྱོག་ཚུར་ཀྱོག་སྟེ་མ་ཉན་པས། འདུན་པ་ལ་བཀའ་སྩལ་པ། ངའི་བཀྲ་ཤིས་དེ་རིང་དོན་ཀུན་གྲུབ། །དོ་ནུབ་གདོན་མི་ཟ་བར་དོན་གྲུབ་ཀྱིས། །འདུན་པ་ཆི་བཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་བརྒྱན་གྱིས་བརྒྱན་པ་མྱུར་དུ་བྱིན། །ཞེས་གསུངས་ནས། འདུན་པས་སྔགས་ལྡན་ཁྱེར་འོངས་པ་ལ་ཞོན་ནས་རྒྱལ་པོ་བཞིས་རྟའི་རྐང་པ་བཞི་ནས་བཏེག་ཏེ་ནམ་མཁའ་ལ་སོང་ནས། སེར་སྐྱ་ལས་བྱུང་སྟེ། ཤཱཀྱའི་གྲོང་། སྤྲེའུ་རའི་ཡུལ། གྱད་ཀྱི་གནས།

66b

མེ་ནེའི་གྲོང་རྒལ་ནས། དཔག་ཚད་དྲུག་ཕྱིན་པ་ན་ནམ་ལངས་པ་ན། མཆོད་རྟེན་རྣམ་དག་གི་དྲུང་དུ་ཕྱིན་ནས། རྒྱན་རྣམས་རྟ་ལ་བཀལ་ནས་འདུན་པ་སླར་ལོག་གི །སྔགས་ལྡན་གྱིས་བྱང་ཆུབ་སེམས་དཔའི་ཞབས་ལ་ལྡག་ཅིང་སོང་ངོ་། །བྱང་ཆུབ་སེམས་དཔས་རྣམ་དག་གི་དྲུང་དུ། རང་ཉིད་ཉིད་ཀྱི་དབུ་སྐྲ་རང་གིས་བཅད་ནས་རབ་ཏུ་བྱུང་། དེའི་མོད་ལ་གནས་གཙང་མའི་ལྷས་ལུས་མངོན་པའི་གཟུགས་ཀྱིས་ངུར་སྨྲིག་གི་གོས་ཕུལ་བ་བཞེས་ཏེ། ཀ་ཤི་ཀའི་གོས་རྣམས་ཁོ་ལ་གནང་། སེར་སྐྱ་མས་ཕྱུང་སྟེ་ལྷ་ཡུལ་དུ་ཁྱེར་རོ། །སྔ་གྲོ་རྒྱལ་པོ་བཙུན་མོ་དང་བཅས་པས་སྐྱེད་ཚལ་དང་། སའི་ཁྱོན་རྣམས་བཙལ་བས། མངོན་པས་ནམ་བཟའ་ཁྱེར་བ་མཐོང་སྟེ། མི་ཟད་སྲིན་པོའི་གཟུགས་ཀྱིས། །ཀ་ཤི་ཀའི་གོས་བཟངས་ཁྱེར། །ཡིད་བཅུགས་དེ་ནི་མ་དྲོངས་དྲང་། །སྙིང་མེད་མ་ནི་གནས་ཏེ་ཅི། །ཞེས་སྨྲེ་སྔགས་འདོན་ནོ། །དེ་ནས་འདུན་པས་སྔགས་ལྡན་དང་རྒྱན་ཁྱེར་སྟེ་འོངས་པས། ས་མཚོ་མས་རྟ་ལ་འཇུས་ཏེ། ངུས་ནས་སྨྲས་པ། འདུན་པ་སྙིང་རྗེ་མེད་ཁྱོད་མི་མཆོག་བཞུད་ཚེ་ང་ལ་ཅིས་མི་སྒྲོན། །

67a

༄༅།        །སྔགས་ལྡན་ལེགས་སྐྱེས་ངའི་ཁྱིམ་ཐབ་ཡིད་འོང་གྲོགས་དེ་གང་དུ་སྐྱལ། །ཁོ་མོའི་དགའ་སྐྱེད་ཀྱི་ཧུད་དྲི་མེད་ཟླ་བའི་ཞལ་མངའ་གཟུགས་མཛེས་ལྡན། །བྱམས་པའི་ཐུགས་མངའ་ཀ་ལ་བིང་ཀའི་དབྱངས་སྙན་ལྡན་དེ་གང་དུ་གཤེགས། །ཅེས་སྨྲས་སོ། །སྔགས་ལྡན་ཡང་མཆི་མ་ཕྱུང་སྟེ་འདས་ནས་སུམ་བཅུ་རྩ་གསུམ་དུ་སྐྱེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ནི། མེ་མོ་ཡོས་ཀྱི་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་དང་། སྐར་མ་རྒྱལ་འཛོམས་པ་ལ་སྐུ་ལྟམ། རྒྱུ་རྩལ་མཐར་ཕྱིན། བཙུན་མོའི་འཁོར་གྱི་དབུས་སུ་ལོ་ཉེར་དགུར་བཞུགས་ནས། ཤིང་མོ་ལུག་གི་ལོ་དཔྱིད་ཟླ་ཐ་ཆུང་གི་བརྒྱད་ལ་རབ་ཏུ་བྱུང་། ནེ་ར་ཛཱ་རའི་འགྲམ་དུ་སྐ་བ་ལོ་དྲུག་སྤྱད། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། བདུད་བཏུལ། ལྕགས་མོ་གླང་གི་ལོ་དཔྱིད་ཀྱི་ཚེས་བཅྭོ་ལྔ་ལ། མངོན་པར་སངས་རྒྱས་སོ། །ས་མཚོ་མ་ལོ་དྲུག་ཏུ་ཁྱིམ་ཐབ་དང་མ་ཕྲད་པས་ཡིད་སློང་སྟེ་སྨྲས་པ། སྐལ་མེད་བུ་མོ་བདག་སྙིང་ཤིན་ཏུ་སྲ་བ་སྟེ། །རྡོ་ལས་གྱུར་རམ་ཡང་ན་ལྕགས་ལས་བྱས་སམ་ཅི། །གདན་གྲོགས་ཇོ་བོ་བདག་དོར་ནགས་སུ་གཤེགས་པ་

67b

ཡི། །མགོན་མེད་མ་སྙིང་དུམ་བུར་མ་སོང་ཅི་ཞིག་གུ། །ཅེས་སོ། །སངས་རྒྱས་པའི་ནུབ་མོ་ས་མཚོ་མ་ལ་ཁྱེའུ་གཅིག་སྐྱེས། ཟླ་བ་སྒྲ་ཅན་གྱིས་བཟུང་བས་ཁྱེའུའི་མིང་སྒྲ་གཅན་འཛིན་ཞེས་བཏགས་སོ། །ཟས་གཙང་གིས་ཁྱེའུ་ལོ་དྲུག་གི་བར་དུ་ལྷུམས་སུ་བཞུགས་པས། ཤཱཀྱ་ཐུབ་པའི་བུ་མིན་ནོ། །ཞེས་སྨྲས། ས་མཚོས་ཁྱེའུ་རྡོ་དང་སྦྲགས་ཏེ་ཆུར་བོར་བ་བྱ་ལྟར་ལྡིང་སྟེ། ཁྲི་ཞིང་ཉེར་དྲུག་པར། སྒྲ་ཅན་ཞེས་བྱ་བྱིས་པ་དེ། །མི་བདག་དེས་སྐྱེད་མིན་དོགས་ཚེ། །མ་ཡིས་དག་སླད་རྡོ་དང་བཅས། །འཕངས་སྟེ་ཆུ་ལ་འཕྱོ་བར་འགྱུར། །ཅེས་སོ། །ལོ་དྲུག་ཏུ་ལྟོར་གནས་པའི་རྒྱུ་ཡང་། ལོ་དྲུག་ལྷུམས་སུ་བཞུགས་པའི་རྒྱུ་མཚན་ཡང་སྔོན་གྱི་དུས་རང་གི་མ་མུན་ཁུང་དུ་ཞག་དྲུག་བཅུག་པའི་སྨོད་དོར་དེ་ཕྱི་མ་ཁྱོད་མུན་ཁུང་དུ་ལོ་འགའ་ཞིག་བཞུག་པར་གྱུར། ཁྲི་ཤིང་ལས། གྲགས་འཛིན་མ་ནི་བ་རྫི་མི། །བུ་མོས་མ་ནི་ཉོན་མོངས་པས། །རྒྱང་གྲགས་དྲུག་ཚུངས་ལོ་དག་ནི། །མངལ་གྱི་ཁུར་གྱིས་བཟིར་བར་གྱུར། །ཅེས་དང་། ང་ཉིད་རྒྱལ་པོ་དྲང་སྲོང་ཉིད། །བྱིས་པས་འདི་ཡང་རྒྱལ་པོ་ཟླ། །ཉིན་དྲུག་ཐུབ་པ་ཉོན་མོངས་པར། །བྱས་པས་ལོ་དྲུག་དག་ནས་སྐྱེས། །ཅེས་སོ། །སྙན་ངག་ཆེན་པོ་ལས། རྒྱ་བྱིན་ཆགས་ལ་མཆོག་ཞེན་པས། །བཤོལ་མེད་མ་ལ་འདོད་པ་སྤྱད། །ཟླ་བའི་

68a

༄༅།        །ཆུང་མ་སྣར་མ་ནི། །དྲང་སྲོང་རི་བྱིས་དོན་དུ་གཉེར། །ཨུ་བ་ཐ་ཡི་ཆུང་མ་ནི། །རླུང་གི་བུ་མོ་ཐུན་མ་ལ། །དཀའ་ཐུབ་ཆེན་པོ་ཕུར་བུ་ཡིས། །ཝ་ར་རྡོ་ཚ་སྐྱེད་པར་འགྱུར། །ཁྱོད་ཀྱིས་འདོད་སྡེར་བསྟོན་པས་ཀྱང་། །གཞན་གྱི་ལོག་ལྟ་སྤང་བའི་ཕྱིར། །སྒྲ་གཅན་འཛིན་ཞེས་མིང་ཙམ་བཏགས། །གཞན་ཕྱིར་དཀའ་སྤྱད་སངས་རྒྱས་འགྱུར། །ཅེས་སོ། །སྒྲ་གཅན་འཛིན་ཆེར་སྐྱེས་ནས། སྟོན་པ་ལ་རབ་ཏུ་བྱུང་ཞིང་། དགྲ་བཅོམ་པ་ཐོབ་ནས། སྲིད་པ་རྣམ་པར་གྲོལ་ཏོ། །ཅེས་སོ། །དེ་ཡང་། བཅོམ་ལྡན་འདས་ཉིད་ཀྱི་རྒྱུད་ལ་དགོངས་སོ། །གཞན་ནི་བསྐལ་བཟངས་ཀྱི་སངས་རྒྱས་རྣམས་རྒྱལ་རགས་དང་བྲམ་ཟེའི་རིགས་མ་བྱོན་པར་བཤད་ཏེ། རྒྱལ་རིགས་རྣམས་མང་པོས་བཀུར་བ་དང་། ཤཱཀྱིའི་རིགས་ལས་འབྱུང་བར་གསུངས་པས་སོ་ཅེས་སོ། །ས་སྐྱ་པ་རྗེ་བཙུན་གྲགས་པས་མཛད་པའི་རྒྱ་གར་དང་བོད་ཀྱི་རྒྱལ་རབས་ཀྱི་དང་པོར་གསུངས་པའི་ཕྱིར་ཏེ་ལེགས་པར་གསུངས་སོ། །ཀ་གདམས་པའི་མཁས་པ་དག་ནི། ཚེ་ལོ་ཡར་འཕེལ་དྲུག་བརྒྱ་པའི་དུས། འཕགས་པའི་གནས་བརྟན་བཅུ་དྲུག་བྱོན་སྟེ། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་

68b

ཅེས་གསུངས་པས། ཤཱཀྱ་ཐུབ་པའི་སྲས་སྒྲ་གཅན་འཛིན་ཡང་དེ་སྲིད་དུ་གནས་པས། ད་ལྟ་བཞུགས་སོ་ཞེས་གསུངས། ཤེས་བྱའི་ཚོགས་རྣམས་རབ་བཀྲ་དེ་ཁོ་ན། །རྟེན་བྱུང་རྒྱུ་འདྲ་མཁའ་ལྟར་ལེགས་གཟིགས་ནས། །དེ་ལྟར་མ་རྟོགས་གཞན་ལ་ཐུགས་རྗེ་ཡིས། །ཆོས་ཉིད་ལེགས་སྟོན་ཐུབ་དབང་ཁྱེད་ཚུངས་ཤོག །དེ་ཡང་སངས་རྒྱས་ནས། ཞིང་ཁམས་ཐམས་ཅད་གཡོ་བ་ལ་སོགས་པ་མཛད་པ་ནི་མཛད་པ་གཅིག་གོ། །ཡང་འོས་སུ་གྱུར་པའི་གདུལ་བྱ་ལ་ཆོས་ཐེག་པའི་བྱེ་བྲག་དང་བསྟུན་ནས་གསུངས་པས། འདུལ་བར་གྱུར་པ་འདི་ནི་མཛད་པ་གཉིས་པའོ། །ཡང་ཤིན་ཏུ་འདུལ་དཀའ་བའི་སྐྱེས་བུ་མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པའི་ཆོས་ཀྱིས་མི་འདུལ་བ་རྣམས་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུལ་བར་མཛད་པ་འདི་ནི་མཛད་པ་གསུམ་པའོ། །ཡང་དུད་འགྲོར་གྱུར་པའི་སེམས་ཅན་སྤྲེའུའི་རྒྱལ་པོས་སྦྲང་རྩི་ཕུལ་བ་དང་། གླང་པོ་ཆེ་ནོར་སྐྱོང་འདུལ་བ་ནི། དུད་འགྲོའི་དོན་མཛད་པ་དང་བཞིའོ། །ཡང་མུ་ཏིག་ཤིན་དུ་ཤས་ཆེ་བ་རལ་པ་ཅན་ལྟེ་རྒྱས་འོད་བསྲུངས། འདོད་ཆགས་ཤས་ཆེ་བ་གཅུང་དགའ་བོ་དང་། ཞེ་སྡང་ཤས་ཆེ་

69a

༄༅།        །བ་མིའུ་ཐུང་སོར་འཕྲེང་ཅན་དང་། ལེ་ལོ་ཤས་ཆེ་བ་ཀུན་ཏུ་རྒྱུ་རབ་བཟང་དང་། དྲི་ཟའི་རྒྱལ་པོ་རབ་དགའ་སྟེ། དེ་དག་ལ་སོགས་པ་ཉོན་མོངས་པ་ཤས་ཆེ་བ་བཏུལ་བ་འདི་ནི་མཛད་པ་ལྔ་པའོ། །སྨྲས་པ། སྙིང་རྗེ་པད་དཀར་ཆེ་བ་ལས། སྟོན་པ་མ་འོངས་པ་ན་བསྟན་པ་སུས་འཛིན་པར་འགྱུར། བཀའ་སྩལ་པ་ཀུན་དགའ་བོ། དགེ་སློང་འོད་བསྲུངས་དང་། ཁྱེད་གཉིས་ཀྱིས་ལོ་བཞི་བཅུ་ལྷག་འཛིན་པར་འགྱུར་ལ་རིམ་གྱིས་སོ། །ཤཱཀྱ་ཐུབ་པས་བསྟན་པ་འོད་བསྲུངས་ལ་བསྟད། དེས་ཀུན་དགའ་བོ་ལ། དེས་ཤ་ནའི་གོས་ཅན་ལ། དེས་ཉེར་སྦས། དེས་དྷི་དྷི་ཀ། དེས་ལེགས་མཐོང་ཆེན་པོ། ཅེས་ཕྲན་ཚེགས་ལས་བྱུང་། ལང་བཤགས་ཀྱི་འགྲེལ་པ་ལས། དྷི་དྷི་ཀས་བྷི་བྷ་ག་ཏ་ལ། དེས་བཙུན་པ་ནན་ཏི་ལ། དེས་བུདྷ་མི་ཏ་ལ། དེས་དགེ་སློང་རྩིབས་ལ། དེས་སུ་ན་ཤ་ཏ་ལ། དེས་རྟ་སྐད་ཆེན་པོ་ལ། དེས་མ་ཤི་པ་ལ། དེས་ཀླུ་གྲུབ་ལ། དེས་ཨཪྱ་དཱེ་བ་ལ། དེས་ར་ཧུ་ལ་བྷ་ཏྲ་ལ། དེས་སང་གྷ་ནན་ཏི་ལ། དེས་དགེ་སློང་དགྲ་བཅོམ་པ་ལ། དེས་ཀུ་མ་ར་ཏ་ལ། དེས་ཤ་པ་ཏ་ལ། དེས་

69b

བྷ་སུ་མན་ཏུ་ལ། དེས་མ་ནོ་ཏ་ལ། དེས་ཧ་ཀ་ལི་ན་ཡ་ན་ལ། དེས་དགེ་སློང་འདིས་བཀའ་བསྡུ་བ་གསུམ་མཛད་ཅེས་གྲགས་སོ། །བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན། རིན་ཆེན་སྙིང་པོའི་དྲུང་དུ་སེམས་བསྐྱེད་ཅིང་། །སྨོན་ལམ་ལྔ་བརྒྱ་བཏབ་ནས་མཐར་ཕྱིན་པ། །སྐྱབས་མཆོག་ཐུབ་དབང་ཁྱེད་འདྲར་བདག་གྱུར་ཅིག །མང་པོས་བཀུར་བ་ནས་བརྩམས་དགྲ་ཅན་འཛིན་ཡན་ལ། རྒྱལ་རབས་འབུམ་ཕྲག་བཅུ་དྲུག །ཁྲི་དྲུག་སྟོང་། ལྔ་བརྒྱ་དང་བཅུ་གསུམ་སོང་། ཅེས་ཀྱང་མཁས་པ་དག་གསུང་ངོ། །        ། །མང་པོས་བཀུར་བ་ནས་རྩམས་རྒྱལ་པོའི་རབས། །ཉི་མའི་གཉེན་དང་ཤཱཀྱའི་རིགས་རྒྱུད་ཀྱི། །རྣམ་ཐར་སྤེལ་ལ་བསོད་ནམས་ཆེར་འབྱུང་ཞེས། །མངོན་པར་འབྱུང་དང་འདུལ་བ་ལུང་ལས་བཤད། །བདག་ནི་བསོད་ནམས་དཔལ་གྱིས་མཐོ། །འཕགས་པའི་ཡུལ་དང་བོད་ཁམས་ཀྱི། །རྒྱལ་རབས་ཉི་ཟླའི་ཕྲེང་བ་ཡང་། །རྒྱས་པར་སྤེལ་ལ་དད་པ་ཅན། །གནས་ལྔ་རིག་པའི་པཎྜི་ཏ། །གྲགས་པའི་རྒྱལ་མཚན་འཛིན་པས་རྩམས། །རྣམ་དཀར་དགེ་བ་གང་མཆིས་པས། །མཁའ་མཉམ་

70a

༄༅།        །སེམས་ཅན་སངས་རྒྱས་ཤོག །རྒྱ་བོད་ཀྱི་རྒྱལ་རབས་ཉི་ཟླའི་ཕྲེང་བ་ལས། འཕགས་ཡུལ་གྱི་རྒྱལ་པོའི་རྣམ་པར་ཐར་པ་སྟེ། །སརྐ་གསུམ་པའོ། །