ཉི་མའི་རིགས་ཀྱི་རྒྱལ་རབས།
བོད་ཀྱི་རྒྱལ་རབས་རྣམས་བཀའ་དྲིན་ཆེ་བའི་ཚུལ་ཡིག་རྙིང་ལས་བྱུང་བ།
Previous Chapter
(བོད་ཀྱི་རྒྱལ་རབས་རྣམས་བཀའ་དྲིན་ཆེ་བའི་ཚུལ་ཡིག་རྙིང་ལས་བྱུང་བ།)
གཉིས་པ་བོད་ཀྱི་རྒྱལ་རབས་རྣམས་བཀའ་དྲིན་ཆེ་བའི་ཚུལ་ཡིག་རྙིང་ལས་བྱུང་བ་ནི། བསྟན་སྐྱོང་རྣམས་ཀྱི་ཐུགས་རྗེའི་སྨོན་ལམ་དང་། །ཐུབ་པའི་བྱིན་བརླབས་སྲས་འབངས་བསོད་ནམས་ཀྱིས། །ཆོས་སྐྱོང་རྒྱལ་པོ་ཁྱོད་རྣམས་མ་ཁྲུངས་ན། །མཐའ་འཁོབ་དུས་མཐར་སྐྱེས་པའི་བོད་འབངས་
70b
རྣམས། །བལྟ་ལོག་སྡིག་ཚོགས་ཀྱིས་ནོན་རྨུ་རྒོད་ལ། །དིང་སང་ཆོས་ཀྱི་སྒྲ་ཡང་མི་གྲག་པས། །དྲུག་གུ་རྟག་གཟིག་གར་ལོག་གོག་སོགས་ཀྱི། །མཐའ་ཁོབ་བླ་ཀློ་རྣམས་དང་ཁྱད་མེད། །མ་རིག་མུན་པའི་ཐིབས་ཚོགས་ཀྱིས་ནོན་ལ། །དམ་ཆོས་སྒྲོན་མ་བྱིན་པས་གསལ་མཛད་ཅིང་། །ཕན་བདེར་འགོད་པའི་རྗེ་རྒྱལ་ཁྱེད་རྣམས་ཀྱིས། །བཀའ་དྲིན་འདི་ལ་ཅིས་ཀྱང་ལན་མི་ལོན། །