(རྩོམ་པར་དམ་བཅའ་བ།)
ཚོགས་གཉིས་ལྷུན་གྲུབ་ས་ཆེན་ཀུན་ནས་སྐྱོང་། །ཤཱཀྱའི་རིགས་རྒྱུད་ཐུབ་བསྟན་འཛིན་ལ་དཔའ། །བོད་ཀྱི་རྒྱལ་རབས་ཟླ་ཉིའི་ཕྲེང་བ་འདི། །བསོད་ནམས་བསྐྱེད་ཕྱིར་ཕྱོགས་བཅུར་སྤེལ་ལ་སྤྲོ། །སྤྱིར་སངས་རྒྱས་ཀྱི་བྱིན་བརླབས་ཀྱི་གནས་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེ་ཡང་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱུད་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་དར་རྒྱས་སུ་འབྱུང་བ་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས་ཀྱང་། ང་ཡོངས་སུ་མྱ་ངན་ལས་འདས། ལོ་ཉིས་སྟོང་ལྔ་བརྒྱ་ནས་གདོང་དམར་ཅན་གྱི་ཡུལ་དུ། དམ་པའི་ཆོས་དར་བར་འགྱུར་རོ་ཞེས་གསུངས། གཞན་ཡང་མདོ་ལས། ངའི་བསྟན་པ་ནི་རྒྱལ་པོ་རྒྱལ་སྲིད་ཀྱི་དབང་ཕྱུག་ཆོས་བཞིན་དུ་བྱེད་པ་དང་། དགེ་སློང་སྡེ་སྣོད་གསུམ་ལ་མཁས་པ་དག་གིས་འཛིན་པ་དང་། དར་
༄༅། །བར་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར། བསྟན་པ་དར་རྒྱས་སུ་བྱེད་པ་ལ། མཐུ་དཔལ་དང་ལྡན་པའི་རྒྱལ་པོ་དགོས་ཤིང་། དེ་ལ་ཡང་རྒྱལ་སྲིད་དགོས་པས། དེ་རྣམས་ཀྱི་ཚུལ་བརྗོད་ན། དང་པོར་ཁ་བ་ཅན་གྱི་ལྗོངས་འདིར། མིའི་འགྲོ་བ་ཇི་ལྟར་བྱུང་བའི་ཚུལ་དང་། དེ་དག་ལ་དབང་མཛད་པའི་རྒྱལ་པོ་རྣམས་ཀྱི་འཁྲུངས་རབས། བྱེ་བྲག་ཏུ། མངའ་རིས་སྟོད་འདིར་ཕུལ་དུ་བྱུང་བའི་རྒྱལ་རྒྱུད་ཟམ་མ་ཆད་པར་བྱུང་བའི་ཚུལ་རྣམས་ལས་