ཉི་མའི་རིགས་ཀྱི་རྒྱལ་རབས།
སྟག་རི་གཉན་གཟིགས།
Previous Chapter
Next Chapter

(སྟག་རི་གཉན་གཟིགས།)

དེས་འཆིམས་ཟ་ཀླུ་རྒྱལ་མང་མཚོ་བཞེས་པའི་སྲས་དམུས་ལོང་གཅིག་བཙས་ཏེ། ལོ་བདུན་ལོན་པ་དང་། ཡབ་བཞི་བཅུ་རྩ་བཞི་པ་ལ་རྒུང་དུ་གཤེགས་སོ། །དེར་བློན་པོ་རྣམས་ཀྱིས་སྲས་དམུས་ལོང་དེ་ཉིད་རྒྱལ་སར་སྟོན་ཅིང་སྲིད་གཏད་དེ། རྒྱལ་པོ་མེས་ཀྱི་མཆོད་གནས་

85b

གཉན་པོ་གསང་བ་ལ་གསོལ་བ་བཏབ་ཅིང་མཆོད་ལ། གཞན་གྱིས་ཁྲིད་ནས་བསྐོར་བ་བྱས་པའི་བྱིན་བརླབས་ཀྱིས། རི་སྟག་རི་བྱ་བ་ལ་རྙན་གཅིག་འགྲོ་བ་དང་། རྩྭ་ཟ་བ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་བཏགས་སོ། །ཆབ་སྲིད་ཀྱང་མེས་ཀྱི་ཟོར་ཆུད་ཅིང་། འདིའི་རིང་ལ་འཕྲུལ་གྱི་བློན་པོ་ལྔ་བྱུང་སྟེ། མང་ཁྲི་དོ་རེ། ཤུད་པུ་རྒྱལ་དོ་རེ། འགྲེང་མའི་གེ་ཕུ་རུ་ལ་སྐྱེས། ལྷ་བུ་མགོ་དཀར། སྙན་ངགས་སྟོང་གཟིགས་སོ། །རྗེ་འབངས་འདི་རྣམས་ཀྱིས་མཛངས་ལས་སྟབས་ལ། བཀའ་ཁྲིམས་ཆ་བ། གཙུག་ལག །ཐོང་གཤོལ་བཟོ་བ། ཕྱུགས་བསྡེབས། ནོར་གྱི་རིན་ཐང་། མིའི་གླ་རྔན། ཕྱུགས་ཁྱུ་སྡེབས་སུ་སྐྱོང་བ། རི་རླུང་ལ་རྩྭ་འཆུན་པོར་གཅོད་པ་སོགས་བྱུང་ཞིང་། དེས་ཆབ་སྲིད་ལོ་ལྔ་བཅུར་བསྐྱངས་སོ། །རྒྱལ་པོ་འདིའི་བང་སོ་གུང་རིངས་ཀྱི་མདའ་ན་བཏབ་བོ། །