ཉི་མའི་རིགས་ཀྱི་རྒྱལ་རབས།
འདུས་སྲོང་མང་པོ་རྗེ།
Previous Chapter
Next Chapter

(མང་སྲོང་མང་བཙན།)

དེས་འ་ཞ་ཟ་མང་མོ་ཁྲི་དཀར་བཞེས་པའི་སྲས་མང་སྲོང་མང་བཙན་མེ་ཕོ་ཁྱི་ལ་འཁྲུངས། དེ་ཡང་། ལོ་

97b

བསྐོར་གཅིག་ནས་མེས་མངས་མང་སྲོང་དེས། །བཅོ་ལྔར་སྲིད་བཟུང་ཉི་ཤུ་རྩ་བདུན་སྤྱིད། །གཙང་གི་བར་ཐང་ཞེས་བྱར་གཤེགས་ཅེས་ཟེར། །ཅེས་པ་ལྟར། ལོ་བཅུ་གསུམ་བཞེས་པའི་རྒྱལ་སར་བསྐོས། ཞང་པོ་ཚེ་སྤོང་དང་། བློན་པོ་ནི་འགར་གྱིས་བྱས་ཏེ་རྒྱལ་སྲིད་བསྐྱངས་སོ། །དེའི་ཚེ་རྒྱ་བོད་ཀྱི་རྒྱལ་པོ་གཉིས་རེས་མཐུན་ཞིང་སྐྱེས་ཀྱང་ཕན་ཚུན་དུ་བསྐུར། རེས་འགའ་ནི་མི་མཐུན་པའི་དམག་དང་ས་ཆའི་རྩོད་པ་བྱེད་དེ། རེས་ཤིག་ནས་བློན་པོ་འགར་འདས། དེ་ནས་ལྕགས་པོ་རྟ་ལ་བོད་ཀྱི་དམག་དྲངས་ནས་རྒྱ་རུ་ཕྱིན། ཡུ་གུར་གྱི་ས་ཆ་རྣམས་བླངས་པ་ན། རྒྱའི་རྒྱལ་པོས་བློན་པོ་ཆེ་བ་དགུ་དང་དམག་འབུམ་ཕྲག་གཅིག་ཏུ་བྱས། བོད་ཀྱི་ལྷ་སའི་བར་དུ་བྱུང་བ་ལ། བློན་པོ་འགར་གྱི་བུས་དམག་དཔོན་བྱས་འཐབས་པས། རྒྱ་ཐམས་ཅད་ཕམ་པར་བྱས། རྒྱལ་པོ་འདིས་ལོ་བསྐོར་བཅུ་གཉིས་ཀྱི་བྱུངས་སྟོན། ཆབ་སྲིད་ལོ་བཅྭོ་ལྔའི་བར་བསྐྱངས་ཤིང་། ཉི་ཤུ་རྩ་བདུན་པ་ཆུ་ཕོ་བྱི་ལོ་ལ་གཙང་གི་བར་ཐང་དུ་འདས་སྟེ། འདིའི་བང་སོ་སྔོ་བཞེར་ཧྲལ་པོ་དམུ་རི་དམུག་པོའི་འདབས་ན་ཡོད་དོ། །


(འདུས་སྲོང་མང་པོ་རྗེ།)

ཡང་། འདུས་སྲོང་མ་བལྟམས་པ་ལ་ཡབ་འདས་སྟེ། ཆུ་ཕོ་

98a

༄༅།     །བྱི་བའི་ལོ་ལ་སྦྲགས་སུ་བལྟམ། །གཅིག་ཆར་སྲིད་བཟུང་ཉི་ཤུ་རྩ་དགུ་ལ། །འཇངས་ཀྱི་ཡུལ་དུ་འདས་ཏེ་སྤུར་གཉེར་ནི། །ཅོག་གྲུ་ཁོང་ཁྲི་དག་གིས་བྱས་སོ་ཟེར། །མང་སྲོང་གིས་འབྲོ་ཟ་ཁྲི་རྗེ་ཁྲི་མ་ལོད་བཞེས་པའི་སྲས་དུས་སྲོང་མང་པོ་རྗེ་རླུང་གནམ་ཡིན་ཏེ། ཁོང་མ་བལྟམ་པ་ལ་ཡབ་འདས་ཏེ་སྒྲོ་པང་དུ་བཞུགས་པ། ཆུ་ཕོ་བྱི་བ་ལ་ཡར་ལུངས་སྦྲགས་སུ་འཁྲུངས་ནས། གཞོན་ནུའི་དུས་སུ་ནང་གི་བྱ་བ་ཐམས་ཅད་འགར་གྱི་བུ་ཆེ་བས་བྱེད། ཕྱིའི་བྱ་བྱེད་རྣམས་བུ་ཆུང་བ་དང་ཚ་བོས་བྱེད་པས་ན་རྒྱལ་པོ་དབང་ཆུང་ནས་ཐམས་ཅད་སྐྲག་གོ། །ཕྱིས་རྒྱལ་པོ་ནར་སོན་ཞིང་དམག་ཁྲིད་ཏེ། འགར་གྱི་བུ་རྣམས་བྱེས་སུ་དམག་ཐོག་ན་ཡོད་པ་ལ། རྒྱལ་པོས་བཀའ་བཀྱོན་པས། འགར་གྱི་བུ་ཆེ་བ་ཁྱི་ལྕམ་ལྕེབས། ཆུང་བ་བཙན་པོ་དང་། ཚ་བོ་མང་རྗེ་གཉིས་དམག་དང་བཅས་པ་རྒྱ་ནག་ལ་ངོ་བལྟས་པའི་ཚེ། རྒྱལ་པོ་ན་རྒྱལ་འུ་ཟི་ཐེན། བོད་རྣམས་རྒྱའི་འ་ཟི་རྒན་མོ་ཞེས་པ་ཏེ་རྒྱལ་སྲིད་བྱེད་ཀྱི་ཡོད་པ་ལ། རྒྱལ་པོ་དེ་མཉེས་ནས། བཙན་པོ་བློན་པོ་དང་། མང་པོ་རྗེ་གཡོན་རུའི་དཔོན་དུ་བསྐོས། ཁུ་མཚན་གཉིས་ཀྱིས་ཕྱིས་ཉེས་པ་ཅི་བྱས་ཀྱང་། ཁྲིམས་

98b

ལ་མི་གདུག་པའི་རྟགས་སུ། ལྕགས་ཀྱི་བྱང་ཕུ་ལ། གསེར་གྱི་ཡི་གེ་བྲིས་པའི་ཕྱག་རྒྱ་བྱིན། དེའི་བློན་པོ་ཅོག་གྲུ་འདམ་པ་ཞང་ལྗོང་རྗེས་བྱས། ཤར་རྒྱའི་གན་ཆུ། ལྷོའི་བལ་པོ་ཤིང་ཀུན། ལིའུ་རྟེན། བྱའི་བྲི་སྲ་གྲག་ལྕགས་རྩེ། ནུབ་བློ་བ་གད་རིངས། སྦལ་ཡུལ་ནང་གོང་། སྨད་ཀྱི་ཤི་གར་ཚུན་ཆད་མངར་བསྡུས་སོ། །རྒྱལ་པོ་འདིའི་རིང་ལ་རྒྱ་ནས་ཇ་དང་རོལ་མོའི་རྣམ་གྲངས་མང་པོ་བྱུང་ཞིང་། བོད་དུ་རྩལ་ཆེ་བའི་གྱད་ཀྱང་བྱུང་པ་ནི། ཁྲི་བདུན་ཡུལ་བྱིན་གྱིས་བྲག་ཤོངས་འདོམ་དགུ་ལ་འཕྱོངས། སྣང་གསལ་རྒྱང་རིང་གྲགས་ཀྱི་གཡག་རྒོད་ཀྱི་རྐང་པ་ནས་བཟུང་ཞིང་བརྡེབས་ནུས། ཨ་ཐོག་རྒོད་བཙན་གྱིས། འདམ་སེང་གི་སྐྱེ་ནས་བཟུང་བསྐོར་ནུས། ཅོང་རོང་ཀླུ་གོང་གིས་ཤིང་སྦོམ་འདོམ་དོ་པ་ལ། མདས་འབིགས་ནུས། འབྲོ་ལྟག་བཙན་གྱིས་མཁར་སྐྱ་ཆུས་འབེབས་ནུས། གཅིག་གིས་ཤྭ་ཝའི་ལྷུད་པུ་གསེར་གྱིས་བཀང་བ་གླད་ལ་བསྐོར་ནུས་པ་ཡིན་ནོ། །དེ་ཉིད་ལོ་ཉེར་དགུར་རྒྱལ་སྲིད་བསྐྱངས་ནས། ལྕགས་ཕོ་འབྲུག་ལ་འཇངས་ཀྱི་ཡུལ་དུ་འདས་ཤིང་། བང་སོ་སེངྒེ་བརྩེགས་ལྕགས་བཙན་རི་སྔོ་བཞེར་གྱི་གཡས་ན་ཡོད་ལ། དེའི་སྤུར་གཉེར་

99a

༄༅།        །ཅོག་གྲུ་ཁོང་ཁྲིས་བྱས་སོ། །