(མུ་ནེ་བཙན་པོ།)
རྒྱལ་པོ་དེ་ཆུ་ཕོ་སྟག་ལ་བྲག་དམར་དུ་སྐུ་འཁྲུངས་ཤིང་། ནར་སོན་ནས། མུ་ནེ་བཙན་པོ་ཉིད་ལ་རྒྱལ་སྲིད་གཏད་ཡབ་ཀྱི་ཞལ་ནས། བཙུན་མོ་ཡོངས་ཟ་རྒྱལ་མོ་བཙུན་འདི། ངའི་ཚེ་སྔ་མའི་ཡུམ་ཡིན་པས། ཁྱོད་ཀྱིས་ཀྱང་བཙུན་མོར་གྱིས་ལ་སྐྱོངས་ཤིག་གསུང་བ་ལ་རྟེན། རྒྱལ་པོས་ཀྱང་རྒྱལ་མོ་བཙུན་ཁབ་ཏུ་བཞེས་སོ། །རྒྱལ་པོ་འདི་ཉིད་ཀྱི་རིང་ལ། ཀོང་ཡུལ་རྐྱང་བུ་ཚལ་གྱི་གཙུག་ལག་ཁང་དང་། བསམ་ཡས་སུ། འདུལ་བ་དང་། མདོ་སྡེ་དང་། མངོན་པ་སྟེ་སྡེ་སྣོད་གསུམ་གྱི་དུས་མཆོད་ཆེན་པོ་གསུམ་བཙུགས་སོ། །སྔར་རྒྱལ་བུའི་དུས་དང་། ཕྱིས་རྒྱལ་སྲིད་ལ་མངའ་མཛད་པའི་ཁོངས་སུ་བོད་སྤྱིའི་དབུལ་ཕྱུག་ལན་གསུམ་བསྙམས། དུས་ཞིག་ན་བཙུན་མོ་དང་། བློན་
༄༅། །པོ་རྣམས་དང་། འབངས་ཏྲ་མ་ཤེས་བཀའ་གཏོགས་ཀྱི་དབང་ཡོད་རྣམས་བསྡུས་སྟེ། མེས་སྲོང་བཙན་སྒམ་པོ་མན་ཆད་ནས། རྒྱལ་པོ་རིམ་པར་བྱོན་པ་ཐམས་ཅད་ཀྱིས། དཀོན་མཆོག་གི་མཆོད་པའི་རྒྱུ་རྐྱེན་དུ་ཕུལ་བ་དང་། འབངས་སོ་སོས་ཕུལ་བ། ཁྱད་པར་ངེད་ཡབ་སྲས་ཀྱིས་ཀྱང་མཆོད་པ་དང་གསོལ་རྐྱེན་དང་། རབ་ཏུ་བྱུང་བ་རྣམས་ལ་ཕྱག་དང་བཀུར་སྟིར་བཀས་ཆད་པ་རྣམས་ལས། ཏིལ་འབྲུ་ཙམ་ཡང་མི་འབྲིད་ཅིང་། ཅི་འཁྱུད་ཀྱིས་བསྣན་ནས་འབུལ། བུ་རྒྱུད་རྣམས་ལའང་དེ་ལྟར་དུ་བརྗོད་ལ། ཚ་རྒྱུད་རིམ་པར་ཡང་འདི་བཞིན་དུ་གྱིས་ཞེས་མི་སྨྲ་ན་ཞེས་པ། ཆོས་སྐྱོང་དང་། རྗེ་འབངས་ཀྱི་མགུར་ལྷ། ཕོ་ལྷ་རྣམས་དཔང་དུ་བཙུགས་པའི་འཇིག་རྟེན་ལུགས་ཀྱི་དབུ་མནའི་དམ་བཞག་མཛད་དེ། ཡིག་གེར་བྲིས་ཤིང་ཕྱག་རྒྱས་བཏབ་ནས་བཞག་གོ། །དེའི་ཚེ་རྒྱ་དང་གཉིས་ནི་ཡབ་ལ་འདུད་པ་ཙམ་གྱི་གུས་པོ་ནི་མེད་ལ། འོན་ཀྱང་བཟང་མཛད་ཅིང་། མེ་ཉག་གི་ས་ཆ་ཧ་ལ་ཤན་དུ་འཛོམ་ནས། ས་བགོས་བྱས་པ་
བོད་ཀྱི་ས་ཚིགས་བྱའི་ལན་ཇུ་ཝི། ཇིའུ་ཝེན་ཇིའུ། ཤིང་ཀུན། རྒྱའི་ལྷོ་ཕྱོགས་ཤིང་ཇིའུ་དང་། གྱད་ནམ་གྱི་བར། རྒྱའི་བྱང་ཕྱོགས་གྱད་ནམ་གྱི་ས་ཆ་ནས། ཏའི་ཏུ་ཧའི་ལྷོ་ནུབ་ཀྱི་བར་དང་། རྨ་ཆུའི་བྱང་ཕྱོགས་ཚུན་ཆོད་དོ། །རྒྱའི་ས་འཚམས་ཀི་ཇེའུ་ཐན་ཕྱིན་ཧམ། ལུ་ཇུ་ལ། ཤིང་ཇུ་སི་ཙོན་ལ། ཏའི་ཏུ་ཕན་ཆད་དབང་བར་བྱས་ཤིང་། ས་འཚམས་ཀྱི་བར་ནི། སུག་ཆུ། ཞ་ཇིའུ། ཐ་ཐེ་ལི་རྣམས་སྟོང་པར་བཞག་ནས། གཉིས་ཀས་མི་འཛིན་པར་བཅས་པ་ན། བོད་དབང་བའི་ས་ཆའི་རྩྭ་རྣམས་རྩེ་མོ་བོད་དུ་འདུད་ཅིང་སྐྱེས་སོ། །དེའི་ཚེ་ཁོ་རང་གི་ཡུམ་གྱི་རྒྱལ་མོ་བཙུན་ལ། སྔར་ཀྱི་ཆེན་ཆུན་གྱི་བཞག་པ་ཆེ་བས། ངན་བརྩམས་པ་ན། རྒྱལ་པོའི་བཙུན་མོར་གྱུར་པས་ཀླགས་མ་རྙེད། ཆུན་མ་ལ་འདི་ཉིད་གནད་པར་སེམས་ཤིང་། སྲས་ལ་དུག་གི་བར་ཆད་བྱས་ཏེ། གསོལ་ཁ་བས་གསོལ་འདི་ལ་ཡུམ་གྱིས་དུག་བཏབ་ཡོད་དོ་ཞེས། ལག་མཐིལ་གཉིས་ལ་ཡི་གེར་བྲིས་ནས། རྒྱལ་པོ་ལ་བསྟན་པ་དང་། གཟིགས་ཀྱང་། མས་བུ་ལ་བཏོང་ཕོད་
༄༅། །ན། ངས་ཟ་ཕོད་གསུང་གསོལ་བའི་རྐྱེན་གྱིས། ཡུན་ཕུར་དྲོངས་ཤིང་། རྒྱལ་སྲིད་ལོ་གཅིག་དང་ཟླ་བ་དགུར་བསྐྱངས་ནས། ལོ་ཕྱེད་དང་ཉེར་བདུན་པ་ལ་འདས་པ་ན། འདི་ལ་ཕྱེད་ཅེས་ཟེར་ཞིང་། བང་ཟེ་ནི་སེང་གེ་བརྩེགས་ཀྱི་མདུན་གཡས་ན་ཡོད་དོ། །གཅུང་མུ་ཏིག་བཙན་པོས་ཞང་རྒྱལ་བ་ལྷ་སྣང་གི་བུ་བསད་དེ། དེའི་ཁྲིམས་ལ་སྤྱུགས་པས། སྤྱུགས་པ་དེ་འདས་པའི་བང་སོ་ནི། ཁྲི་སྟེངས་རྨ་རིའི་སྐྱེ་བོ་ལྡེམ་བུ་བྱ་ཡོད་ཏེ། དེ་ནས་ཡང་ཆུང་ཤོས་ཁྲི་ལེ་སྲོང་བཙན་ཡིན་ཏེ་དེའང་། གཅུང་པོ་ཁྲི་ལྡེ་སྲོང་བཙན་ཤིང་འབྲུག་སྟོན། །བྲག་དམར་དུ་འཁྲུངས་ཉི་ཤུ་རྩ་བཞི་ན། །གཅེན་པོ་གྲོངས་ཤིང་རྒྱལ་སྲིད་སོ་གཅིག་བཟུང་། །ཕྱིར་ལོ་ལྔ་བཅུ་རྩ་བཞི་བཞེས་པ་ན། །མེ་བྱའི་སྟོན་ལ་སྦྲགས་ཀྱི་ཕུར་འདས་སོ། །ཞེས་པ་ལྟར་ལ། ཁྲི་ལྡེ་སྲོང་བཙན་དེ་ཉིད་ཤིང་ཕོ་འབྲུག་གི་སྟོན། བྲག་དམར་དུ་འཁྲུངས་ཤིང་། ལོ་བཞི་བཞེས་པ་ན་རྒྱལ་སྲིད་ལ་བཀོས་པའི་ཚེ། རྒྱལ་སྲིད་བྱེད་པ་ཡོང་མི་ཡོང་སད་པའི་ཕྱིར་ཏུ། གཙུག་རྒྱན་གསོལ་བས། དབུ་རྒྱན་གྱི་ལྗིད་ཀྱིས་འཇིགས་པ་ཡོ་བ་ལྟར་
གྱུར་པས། རྒྱལ་སྲིད་འོང་བར་ཤེས་ནས། མཚན་དུ་སད་ན་ལེགས་འཇིང་ཡོན་ཞེས་པར་བཏགས་སོ། །དེའི་བློན་པོ་འཆིམས་རྡོ་རྗེ་སྤྲེ་ཆུང་། ཅོག་གྲུ་པ་གཉིས་ཀྱིས་བཅས་ཏེ། རྒྱལ་སྡེའི་དཀར་ཆུང་དུ་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་བཞེངས། པཎྜི་ཏ་ཀ་མ་ལ་ཤཱི་ལ་ལ་སོགས་པ་མང་དུ་གདན་དྲངས། སྙེགས་ཛྙཱ་ཀུ་མ་ར་ལ་སོགས་པས་ལོ་ཙྪ་བྱས་ཏེ། ཆོས་མང་དུ་བསྒྱུར། སྔར་གྱི་ཧ་ཤང་གི་ལུགས་ངན་པའི་ལྷག་མ་ལ་སྤྱོད་པ་ཀུན་སུན་ཕྱུང་། ཡབ་མེས་ཀྱི་བཀའ་ཁྲིམས་བཞིན་དུ་རྡོ་རིངས་ལ་ཡིག་གེར་བཀོད་དེ་བཞག་ཅིང་། ལོ་སུམ་བཅུ་རྩ་གཅིག་རྒྱལ་སྲིད་བཟུང་ནས། སྤྱིར་ཡང་ལོ་ལྔ་བཅུ་རྩ་བཞི་བཞེས་པ་མེ་ཕོ་བྱའི་སྟོན་ལ། སྦྲགས་ཀྱི་ཕུ་རུ་འདས་པའི་བང་སོ་འཕྲུལ་རི་རྒྱལ་ཆེན་གྱི་ལོགས་ལ་ཡོད་དོ། །སད་ན་ལེགས་འཇིང་ཡོན་གྱིས། འབྲོ་ཟ་མང་མོ་རྗེ་བཞེས་པའི་སྲས། གཙང་མ་དང་། དར་མ་དང་། ལྷ་རྗེ་ལྷུན་གྲུབ། རལ་པ་ཅན་དང་། ཁྲི་ཆེན་ཏེ་ལྔའོ། །གཅེན་བཙང་མ་ནི། རྒྱལ་སྲིད་དང་འབྱོར་པ། རྨི་ལམ་ལྟ་བུར་གཟིགས་ནས། རྗེ་འབངས་བརྒྱ་རབ་ཏུ་བྱུང་ནས་བཞུགས་ཤིང་། ཆོས་ལ་
༄༅། །དད་པར་གྱུར་ཀྱང་། མ་འོངས་པ་ཤེས་པ་དང་། གླང་དར་མའི་ཕུགས་ཀྱིས་སྤྱུགས་ཏེ། གྲུ་མོ་ལ་གཤེགས། དགེ་འདུན་གྱིས་བཞུགས་པར་ཞུས་པས། མི་སྲིད་པ་སྲིད་པའི་ཆོས་ཞེས་གསུངས་ནས། བཞུགས་པར་མ་གནང་། དེར་དགེ་འདུན་རྣམས་ཀྱིས་ཀྱང་རྗེས་སུ་འབྲངས་དཔལ་ཆེན་ཆུ་བོ་རིར་སླེབ་པ་དང་ཡང་བཞུགས་པར་གསོལ། དེར་ཐོགས་གཅིག་བཞུགས། བོད་འབངས་ལ་གདམས་པའི་བསྟན་བཅོས་གཅིག་ཀྱང་མཛད། ཕྲང་སྣར་གཙུག་ལག་ཁང་གཅིག་བཞེངས་ཤིང་། དེ་ནས་མ་གསན་པར་གྲུ་མེར་བྱོན་པས། མོན་བུམ་ཐང་དུ་སྐུ་གཤེགས་སོ། །