ཉི་མའི་རིགས་ཀྱི་རྒྱལ་རབས།
ཁྲི་རལ་པ་ཅན།
Previous Chapter
Next Chapter

(ཁྲི་རལ་པ་ཅན།)

མཆེད་ལྔའི་ཐ་ལྟག་མ། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ནི་སྙིང་རྗེ་པད་མ་དཀར་པོ་ལས། མ་འོངས་པའི་དུས་ན། བྱང་ཕྱོགས་ཀྱི་རྒྱུད་དུ་གྲོང་ཁྱེར་རྡོ་མཆོག་ཅེས་བྱ་བ། ཕྱོགས་འཚམས་ཀུན་ཏུ་སྒྲ་གྲགས་པ་ཡོད་དེ། དེ་ན་མིའི་དབང་ཕྱུག་རལ་པ་ཅན་ཞེས་བྱ་བ། ལོངས་སྤྱོད་ཆེ་ཞིང་བསོད་ནམས་ལྡན་པ། གཟུགས་དང་ཁ་དོག་རྒྱས་པ་དད་པ་ཅན་འབྱུང་སྟེ། དེས་ངའི་སྐུ་དང་རབ་ཏུ་བྱུང་བ་རྣམས་ལ་བསྟི་དང་བླ་མར་བྱེད། རིག་འགྲོ་

114b

དང་མཆོད་ཅིང་བརྗོད་པར་བྱེད་ལ། དེ་ནི་བསྐལ་པ་སྟོང་རྫོགས་པ་དང་། བཟང་བྱེད་ཅེས་བྱ་བ་ལ་བཀོད་པ་ཆེན་པོས་བརྒྱན་པའི་ཞིང་དུ་སངས་རྒྱས་ཀུན་སྣང་ཞེས་པར་འཚང་རྒྱའོ་ཞེས་ལུང་བསྟན་པ་ལྟར་ཏེ། དེ་སྐད་དུ་ཡང་། ཁྲི་བཙུག་ལྡེ་བཙན་རལ་པ་ཅན་ཞེས་པ། །མེ་ཕོ་ཁྱི་ལ་འོན་ཅང་དྷེའུར་བལྟམ། །གསུམ་གྱི་གཅུང་པོ་ཡོན་ཏན་ལྡན་པ་འདི། །བཅུ་གཉིས་ལོན་ནས་ཡབ་འདས་རྒྱལ་སར་བཏོན། །ཉི་ཤུ་རྩ་བཞིར་རྒྱལ་སྲིད་བཟུང་བ་ལ། །འཛམ་གླིང་སུམ་གཉིས་དག་གི་རྒྱལ་པོར་མཛད། །རྗེ་བཙུན་ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །ལྕགས་བྱ་སུམ་བཅུ་དྲུག་ལ་གཤེགས་ཞེས་ཟེར། །དེ་ལྟ་བུའི་ཆོས་རྒྱལ་དེ་ནི། མེ་ཕོ་ཁྱི་ལ་འོན་ཅང་དེའུར་སྐུ་བལྟམ་ཞིང་། དགུང་ལོ་བཅུ་གཉིས་པ་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་མངའ་གསོལ་ཏེ། མཚན་ཡང་། ཁྲི་གཙུག་ལྡེ་བཙན་དུ་གསོལ་ལོ། །དེ་ཉིད་ཀྱིས་བཙུན་མོ་ངང་ཚལ་མ་ཁབ་ཏུ་བཞེས། བན་ཆེན་ཅོག་གྲུ་ཉོ་འདབ་སྟག་གཟིག་རྒྱལ། འབྲོ་ཁྲི་གསུམ་རྗེ་སྟག་རྣམས་ཀྱིས་བློན་པོ་བྱས། ཕོ་བྲང་འོན་ཤང་རྡོའི་གྲོང་ཁྱེར་བཏབ། ཐུགས་དམ་དུ་འུ་ཤང་རྡོ་དཔེ་ཎ་

115a

༄༅།        །བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེང་བར་འདོད་ནས། ལིའི་ཡུལ་ནས་བཟོའི་རིག་བྱེད་ལ་ཤིན་ཏུ་མཁས་པ་དང་། བལ་ཡུལ་ནས་ལྷ་བཟོ་བ་དང་རྡོ་བཟོ་བ་མང་པོ་བོས་ནས་ལྷ་ཁང་དགུ་ཐོག་ཏུ་མཛད་པ་ལ། འོག་ཐོག་གསུམ་སྒོ་སེ་དང་བཅས་པ་རྡོ་ལས་གྲུབ་ཅིང་། བར་ཐོག་གསུམ་སྒོ་སེ་དང་བཅས་པ་སོ་པག་ལས་གྲུབ་པ། སྟེང་གི་ཐོག་གསུམ་སྒོ་སེ་དང་བཅས་པ་ཤིང་ལས་གྲུབ་ཏེ། རྒྱ་ཕུབས་དགུ་རྩེག་ཡོད་པ། རྒྱ་ཕུབས་རེ་རེའི་བྱ་འདབ་བར་ན། རབ་ཏུ་བྱུང་བ་ཆོས་ཉན་བཤད་བྱེད་པའི་བཞུགས་གནས་ཅན། སྟེང་གི་རྒྱ་ཕུབས་གསེར་འབྲུ་གཡུའི་འབྲུག་དང་བཅས་པ། རླུང་གིས་བསྐྱོད་དུས་གདུགས་ལྟར་འཁོར་བ། བར་བར་གྱི་རྩིག་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་ལ་མདའ་ཡབ་དང་། པུ་ཤུ། དྲ་བ་དང་དྲ་བ་ཕྱེད་པས་མཛེས་པ། གདུགས་དང་། རྒྱལ་མཚན་དང་། རིན་པོ་ཆེའི་ཕྲེང་བ་དང་། དར་གྱི་ཅོད་པན་དང་། དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བ། རྒྱ་ཕུབས་རྩེའི་གསེར་འབྲུ་རྒྱབ་རི་དང་མཐོ་དམན་མཉམ་པ། རྒྱ་བོད་བལ་ཡུལ་ཀུན་ནས་ཀྱང་

115b

འགྲན་ཟླ་དང་བྲལ་ཞིང་མཐོང་བ་ཙམ་གྱིས་རང་སར་བྱེད་པ། རླུང་ཆེ་ན་རྒྱ་ཕུབས་ཀྱི་ཕྱོགས་བཞིར་ལྕགས་ཐག་བཏང་ཏེ་ཕྱོགས་བཞིར་རྡོའི་སེང་གེ་རེ་དང་སྦྲེལ། དེ་ལ་སྟེང་གི་ཐོག་གསུམ་ན་རྗེའི་ཐུགས་དམ་བཞུགས། བར་གྱི་ཐོག་གསུམ་ན་ཆོས་འཆད་དགེ་འདུན་བཞུགས། འོག་ཐོག་རྣམས་སུ་རྒྱལ་བློན་རྣམས་ཆོས་རྩིགས་ཀྱི་མོལ་བ་དང་། དེའི་སྟེང་བྱ་འདབ་གཉིས་སུ་ཆོས་འཆད་ཉན་མཛད་པའི་གནས་སོ། །ནང་གི་ལྷ་ཁང་སོ་སོར་ཀྲི་ཡ་བྱ་བའི་རྒྱུད། རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་ལྷ་ཚོགས་རིན་པོ་ཆེ་ལས་གྲུབ་པ། འབུར་དུ་བསྟོད་ཅིང་རིས་སུ་བྲིས་པ་རྣམས་བཞུགས་སོ། །རྒྱལ་པོའི་ཞལ་ནས་ཀྱང་སྔོན་ལྷ་སྲས་ཡབ་མེས་ཀྱི་རིང་ལ་མཁན་པོ་བོ་དྷི་ས་ཏྭ། ཡེ་ཤེས་དབང་པོ། ཞང་ཉ་བཟང་། བློན་ཁྲི་བཞེར། སང་ཤི། ལོ་ཙྪ་བ་དེ་ཝ་ཀོ་མ། ལྕེ་ཁྱི་འབྲུག །བྲམ་ཟེ་ཨཱ་ནན་ཏ་ལ་སོགས་པས་ཆོས་ཀྱི་སྐད་སྔོན་བོད་ལ་མ་གྲགས་པ་མང་པོ་བྱུང་ཞིང་། རྒྱ་དང་། ལི་དང་། ཟ་ཧོར། ཁ་ཆེ་ལ་སོགས་པ་སྣ་ཚོགས་ནས་བསྒྱུར། བརྡ་མི་འདྲ་བ་མང་པོ་འདུག་ཅིང་། ཆོས་ཤིན་ཏུ་སླབ་དཀའ་བ་ཡིན་པས་གསུང་ནས་ཉི་འོག་གི་མཁན་

116a

༄༅།        །པོ་ཛི་ན་མི་ཏྲ། སུ་རེནྟྲ་བོ་དྷི། ཤཱི་ལེནྟྲ་བོ་དྷི། དྷ་ན་ཤཱི་ལ། བོ་དྷི་མི་ཏྲ་རྣམས་དང་། བོད་ཀྱི་མཁན་པོ་རད་ན་རཀྵི་ཏ། དྷརྨ་ཏ་ཤཱི་ལ་དང་། མཁས་པར་ཆུད་པ། ཛྙཱ་ན་སྲེ་ན། ཛ་ཡ་རཀྵི་ཏ། མཉྫུ་ཤྲི་ཝརྨ། རད་ནེནྟ་ཤྲཱི་ལ་ལ་སོགས་པས། ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་། མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བཅོ་ཞིང་། ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས། སྔར་བསྒྱུར་རྣམས་སྐད་གསར་གྱིས་གཏན་ལ་ཕབ་སྟེ། བཀའ་ཆད་རྣམ་པ་གསུམ་དུ་མཛད་པ་ནི། སྡེ་པ་གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་དང་། གསང་སྔགས་ཕྱི་ཀྲི་ཡོག་སྡེ་གསུམ་མ་གཏོགས་ནང་བླ་མེད་རྣམས་མ་བསྒྱུར་ཅིག་ཅེས་པ་དང་། སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། རྒྱལ་པོ་འདི་གསུམ་གྱིས་མ་བྱིན་ལེན་རྐུན་མར་འགྱུར་པའི་ཚ་དངུལ་བཟང་པོ(སྐྱ)ཞོ་གང་གི་བརྒྱད་ཆ་ལ་མཛད་པ་དང་། ཐ་ན་བྲེ། སྲང་། ཞོ་ལ་སོགས་པ་རྒྱ་གར་དང་འཐུན་པར་བཅོས་སོ། །རབ་ཏུ་བྱུང་བ་རེ་རེ་ལའང་།

116b

འབངས་ཀྱི་མི་ཁྱིམ་བདུན་བདུན་ཕུལ་ཏེ། ཕྱིན་ཆད་ཆོས་བསྒྱུར་བ་རྣམས་ལ། རྒྱལ་པོ་འདིའི་རིང་ལ། པཎྜི་ཏ་འདི་ལྟར་གདན་དྲངས། ལོ་ཙྪ་བ་འདིས་བསྒྱུར་ཞེས་པའི་འགྱུར་བྱང་དང་། སྡེ་སྣོད་གསུམ་གྱི་ཐོག་མར་རིམ་བཞིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་པ་འཇུག་ཅིང་། དེ་དག་ཏུ་མ་གཏོགས་པའི་ཆོས་གང་ཡང་མ་བསྒྱུར། སྔར་བོད་ན་ཡོད་པ་ཀུན་ལའང་སྡེ་སྣོད་གསུམ་དང་མི་མཐུན་པའི་ཆོས་ལ་མ་སྤྱོད་ཞེས་གདམས་སོ། །དེའི་ཚེ་རྒྱ་ལ་དམག་དྲངས་པས། སྔར་ཡབ་མེས་ཀྱིས་མ་ཆོད་པའི་ས་ཆ། ཤར་ཕྱོགས་ས་འདུ་པ་ཤན་ཀྱི་རི་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བ་རྒྱ་ནག་པོ་ཟད་པའི་ས་འཚམས་སུ་རྡོ་རིངས་བཙུགས་ཤིང་འདི་ཡན་ཆད་བོད་དབང་ཞེས་ཡིག་གེར་བྲིས། ལྷོ་ཕྱོགས་བློ་རྣོ། མོན། རྒྱ་གར། ལི་དང་། གངྒཱའི་རྒྱ་མཚོར་ལྕགས་ཀྱི་པ་ཊ་ལ་གདོང་དྲུག་བཏགས་པ་ཚུན་ཆོད་དང་། ནུབ་ཕྱོགས་སྟ་གཟིག་གི་ས་འཚམས་བ་དག་ཤ་དུང་གི་སྒོ་མོ་ཅན། བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས། ཟ་ཧོར། ཕྱིའི་རྒྱ་མཚོའི་འགྲམ་བྱེ་མ་སྒང་རིངས་ཉ་སླང་བའི་རྒྱབ་འདྲ་བ་ལ་སོགས་པ་དབང་དུ་བསྡུས་ཏེ་

117a

༄༅།        །མདོར་ན་འཛམ་བུའི་གླིང་གི་སུམ་གཉིས་ཀྱི་རྒྱལ་སྲིད་ལ་མངའ་མཛད་ཅིང་། ཕྱོགས་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ལོ་གསུམ་གསུམ་ནས་ཕོ་ཉ་དང་དཔྱ་ཐང་དུ་འབུལ་བར་བྱེད་ལ། ཁྱད་པར་རྒྱའི་རྒྱལ་པོས་ཕྱག་དང་མཆོད་པ་བྱེད་པ། དཔྱ་ལ་སོགས་པ་འབུལ་ཚུལ་ནི། ཕྱིས་བོད་ལ་ངོ་ལོག་དང་། དམག་སོགས་མི་བྱེད་པའི་ཆད་ལ། རྒྱ་བོད་ཀྱི་བློན་པོ་རྣམས་བསགས་ཤིང་། ལྷ་སར་བདེན་པ་བརྡར། ལྷ་ཀླུ་རྣམས་དཔང་པོར་བཞག་ནས་མནའ་ཆད་ཀྱི་ཡི་གེ་རྡོ་རིངས་ལ་བྲིས་སོ། །རྒྱལ་པོ་འདི་ཉིད་ཀྱིས་སྔ་ཕྱིར་མཐའ་དབུས་ཀུན་ཏུ་གཙུག་ལག་ཁང་བརྒྱ་རྩ་བཞེངས། བསྟན་པ་ལ་ཤིན་ཏུ་དད་པས་བློན་པོ་རྣམས་ལ་ངའི་དབུའི་གཙུག་ཏུ་རབ་ཏུ་བྱུང་བྱུ་འཁུར་བའི་ཐབས་ཇི་ལྟར་ཡོད་བཀའ་སྩལ་པ་དང་། བློན་པོ་རྣམས་ཀྱིས། རྗེ་ཉིད་ཀྱི་དབུ་ལ་གཡས་གཡོན་དུ་དར་ཡུག་བཏགས་ཏེ། དེར་རབ་ཏུ་བྱུང་བ་རྣམས་བཞུགས་ཤིང་མཆོད་ན་ལེགས་ཞེས་གསོལ་པས། དེ་ལྟར་མཛད་པས་ན། དགེ་འདུན་ལ་དེ་ཕྱིན་ཆད་དབུའི་སྡེ་ཞེས་གྲགས་སོ། །ཞང་བློན་

117b

སོགས་ཇི་ལྟར་མཐུ་སྟོབས་ཆེ་ཡང་། རབ་ཏུ་བྱུང་བ་ལ་འགྲན་ཏུ་མེད་ཅེས་པའི་ཁྲིམས་མཛད། ཡབ་མེས་ཀྱི་གཙུག་ལག་ཁང་གི་མཆོད་པའི་མངའ་ཐང་ཡང་སྔར་ལས་བསྐྱེད། དཀོན་མཆོག་གི་ཞབས་ཏོག་ཀྱང་ཡབ་མེས་ཀྱི་ཐུགས་དམ་ལ་སྔོན་དུ་མཆོད་ཅིང་། རྗེས་ལ་རྒྱལ་པོ་ཉིད་ཀྱི་ཐུགས་དམ་ལ་མཆོད་དོ། །ལན་ཅིག་གི་ཚེ་ཀླུའི་རྒྱལ་མཚན་གློ་ལུ་བ་ལ། དབས་རྒྱལ་ཏོ་རེས་གླུ་རུ་སྙད་བཀལ་བས་སྙན་ཕྲ་གསོལ་པ་ནི། རྗེ་ལགས་ལྡོང་སྟོང་གི་བན་ཆུང་མཆིད་བསྒྱུར་བ་ལ་གསན་ཏེ། མཆིད་ལེགས་པོ་མ་ཕེར་ན་བཀའ་ཆད་ཕབ་འཚལ་ཞུས་པས། སྙན་ཕྲ་མ་ཚུད་དེ། སླར་མངའ་བདག་གིས་དབུ་ཐོད་ཕུད་ནས་ཀླུའི་རྒྱལ་མཚན་ལ་ཕྱག་དགུ་བཙལ་ནས། གཡས་གྲལ། གཡོན་གྲལ། དབུས་གྲལ་གསུམ་ག་དགེ་འདུན་ལ་ཕུལ། བླ་སྒོ་དང་པོ་དགེ་བའི་བཤེས་གཉེན་ལ་གཏད་ཅིང་། རབ་ཏུ་བྱུང་བའི་དགེ་བའི་བཤེས་གཉེན་རྣམས་ལ་ཕྱག་དང་མཆོད་པ་དང་བཀུར་སྟི་མཚན་བརྗོད་པ་ལ་སོགས་པ་རྗེ་ལ་ཇི་ལྟར་བྱ་བ་བཞིན་བྱེད་པ་ལ་གང་གིས་ཀྱང་མི་འགྲན་ཞིང་ཕྱག་དར་མཛད་པས། རབ་བྱུང་ལ་རྗེ་དང་ཇོ་བོ་ཞེས་པའི་

118a

༄༅།        །ཐ་སྙད་གྲགས་པ་ཡིན་ནོ། །དེ་ལྟར་རྒྱལ་པོ་འདིས་དཀོན་མཆོག་གི་དབུ་འཕངས་ཤིན་ཏུ་བསྟོད་དེ། དམ་པའི་ཆོས་དར་རྒྱས་སུ་མཛད་ནས། ཆབ་སྲིད་ཀྱང་དགེ་འདུན་ལ་ཕུལ་བས་ན། སྡིག་པ་ལ་དགའ་བའི་བློན་པོ་རྣམས་ཁྲོས་ནས་ཆོས་ཁྲིམས་ཤིག་པར་ལྐོག་ཏུ་བགྲོས། ལྷ་སྲས་གཙང་མ་གྲུ་མོར་གཅངས། བཙུན་མོ་ངང་ཚུལ་མ་དང་། བན་ཆེན་པོ་དཔལ་གྱི་ཡོན་ཏན་ནལ་བཤམས་ཞེས་ཕྲ་མ་ཞུས་ནས། བན་ཆེན་པོ་བཀུམ། བཙུན་མོ་ལྕེབས། རྒྱལ་པོ་དགུང་ལོ་སུམ་བཅུ་རྩ་དྲུག་ལྕགས་ཕོ་བྱ་ལ། དབས་རྒྱལ་ཏོ་རེ་དང་། ཅོག་གྲུ་ལེགས་སྒྲ་གཉིས་ཀྱིས་བར་ཆད་བྱས་ནས་གཤེགས་ཤིང་འདིའི་བང་སོ་ཁྲི་སྟེངས་སྨ་རི་དོན་དཀར་གྱི་ནང་ན་ཡོད། འདི་ཡན་ཆད་ལ་བོད་ཀྱི་རྒྱལ་བློན་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་གྲགས་ཤིང་། བསྟན་པ་རྣམ་པར་དག་པ་ལོ་དགུ་བཅུའམ། གོ་གཅིག་བྱུང་ཟེར་ཏེ། ལོ་གྲངས་མི་འགྲིག་པས་ངེས་ངེས་ནི་མི་སྣང་ནའང་། མེས་དབོན་འདི་བཞིའི་རིགས་ལ་དགེ་འདུན་གྱི་སྡེ་ཤིན་ཏུ་དར་བ་ཡིན། གཏམ་རྒྱུད་ལས་ཁྲི་

118b

སྲོང་ལྡེ་བཙན་གྱི་སྲས་རུ་ཙེ་བཙན་པོ་བྱ་བ་ཡོད་པ་དེས་མུ་ནེ་བཙན་པོའི་རྗེས་སུ་ལོ་བདུན་རྒྱལ་སྲིད་བཟུང་ཟེར་ཏེ། བརྟག་པར་བྱའོ། །རྒྱལ་པོ་འདི་བཞི་ལ་ཤིན་ཏུ་སྐྱིད་པའི་གདུང་རབས་ཕྱེད་དང་བཞི་ཞེས་ཟེར་རོ། །