(དཔལ་འཁོར་བཙན།)
འོད་བསྲུངས་དེ་ཉིད་ཀྱིས་བཙུན་མོ་ཅོག་གྲུ་ཟ་ལྷ་བཙུན་ཁབ་ཏུ་བཞེས་པའི་སྲས། དཔལ་འཁོར་བཙན། དགེ་འཁོར་བཙན། གཡུང་དྲུང་འཁོར་བཙན་དང་གསུམ་འཁྲུངས་ཏེ། དེའང་། དཔལ་འཁོར་ཆུ་མོ་ལུག་ལ་འཕང་འདར་འཁྲུངས། །བཅུ་གསུམ་ལོན་ནས་ཡབ་གཤེགས་དེ་ནས་ནི། །བཅོ་བརྒྱད་རྒྱལ་སྲིད་བཟུང་བའི་བར་དག་ལ། །གཙུག་ལག་ཁང་བརྒྱད་བརྩིགས་ཤིང་ཆོས་ལ་གུས། །མེས་ཀྱི་སྤྱོད་པ་རྣམས་ལ་ཤིན་ཏུ་རྨོད། །སོ་གཅིག་ཆུ་གླང་ཡར་རླུངས་ཤམ་པོར་གྲོངས། །དེ་ཡང་རྒྱལ་སྲིད་སྲས་ཆེ་བ་དཔལ་འཁོར་བཙན་གྱིས་བཟུང་། བློན་པོ་སྤྱང་ཨ་ཕོ་ཉིད་ཀྱིས་བྱས་ནས་མྱང་
སྟོད་རྩིས་ཀྱི་གཙུག་ལག་ཁང་ལ་སོགས་པ་གཙུག་ལག་ཁང་བརྒྱད་བཞེངས། འབུམ་ལ་སོགས་པའི་གསུང་རབ་ཀྱང་མང་པོ་བཞེངས། ཆོས་རྩིགས་ཀྱི་དབུ་བསྙུང་ཡང་བོར། སྔར་ཡབ་མེས་གོང་མ་རྣམས་ཀྱིས་རྒྱ་མ་མཛད་སྟབས་རྣམས་དང་བསྟན་པ་སྔར་ཉམས་པ་རྣམས་གསོ་བའི་ཐུགས་དགོངས་མངའ་བ་ལ། གཅུང་གཉིས་རྒྱལ་ཐེབ་ཏུ་བཞག་པ་ན། རྒྱལ་ཐེབ་མ་བཞེད་དེ་གཅུང་གཉིས་བགྲོས་ནས་གཡས་རུ་བཟུང་། གཅེན་གྱིས་གཡོན་རུ་གཟུང་ཞིང་འཐབ་བོ། །དེའང་པཎྜི་ཏ་སངས་རྒྱས་གསང་བས། ཁྲི་སྲོང་ལྡེ་བཙན་ཡས་ཀྱི་ཡང་དབོན་གྱི། །རག་ཤ་གཉིས་ཀྱི་བུ་གཉིས་ཕྱོགས་རིས་གཅོད། །བོད་ཀྱི་རྒྱལ་ཁམས་ཐམས་ཅད་མཁར་དབུ་ཡང་། །ཞེ་དབོན་མན་ཆད་སྲིད་མཁར་ཞིག་པར་མཆིའོ། །ཞབས་འདེབས་ཉུང་ཞིང་དམངས་མོ་ཆུང་མར་ལེན། །མཐའི་ཁ་གཞི་ཀུན་ཏུ་གྲོང་སློངས་བྱེད། །རྒྱལ་པོའི་དབྱར་ནི་བྱིས་པའི་རྩེ་འཇོ་དབུལ། །དམངས་མོ་སློང་ཞིང་གྲོང་ཟན་སློང་བར་མཆིའོ། །ཡར་འགྲོ་མར་འགྲོ་འགྲོན་པོ་མཐའ་དག་དང་། །བཙན་པོ་མཇལ་ཡང་རྒྱལ་ཁམས་མི་བཞིན་
༄༅། །དུ། །ངོ་མཚར་མི་ཆེ་ཞེས་ནི་མི་ཕྱོགས་པར། །མགྲོན་པོ་ཇི་བཞིན་རྒྱ་ཉལ་བྱེད་པར་མཆིའོ། །ཕྱོགས་བཞིར་བསྒྱུར་བའི་མཁས་པ་བསྒྱུར་བའི་ཆོས། །རྒྱལ་པོས་བལྟས་ཤིང་ཡོན་ཏན་བརྗོད་པའི་ཕྱིར། །སྡེ་སྣོད་གསུམ་པོའི་བཀའ་བརྒྱུད་མ་ལུས་པ། །མངའ་བདག་ཕྱིར་སྨོས་དབོན་སྲས་དྲིན་དུ་མཆིའོ། །སྐུ་ཤུགས་ཆུང་ལ་བཀའ་རྒྱུད་མ་ལུས་པ། །ལྔ་བཅུ་རྩ་དགུ་བར་དུ་བསྒྱུར་བར་མཛོད། །དྲུག་བཅུ་ནས་ནི་འཇིག་རྟེན་འདས་ནས་ནི། །རྒྱལ་ཁམས་གཞན་དུ་སྐྱེ་བ་བཞེས་པར་མཆིའོ། །ཞེས་པ་ལ་སོགས་པའི་གདམས་པ་མང་པོ་དང་། བློན་པོ་རྣམས་ལ་ཡང་། ཁོང་དལ་སྨྲས་པ་བཙན་ན་བློན་པོའི་རབ་ཏུ་ཆུད། །བུ་སྲིང་ཁྱེ་འབྱིན་མི་ཡི་ཁོང་རྣ་ཡིན། །སོ་ནམ་རྒྱ་ཡིས་ཆོད་ན་ཀུན་ཀྱང་དྲེགས་པར་འགྱུར། །དྲང་འཇམ་མིག་དག་བྱེད་ན་སྲིད་མཐའ་ཡིན། །ཞེས་པ་དང་། སྒོམ་ཆེན་རྣམས་ལ་ཡང་། ཚུལ་ཆོས་མི་བྱ་ཤེས་པའི་ས་མི་བཟུང་། །སྟོང་གསུམ་པོ་ཀུན་ལ་བལྟ་རྟོག་བྱས། །བལྟས་པའི་ཚིག་ལ་མི་ལྟག་དོན་ལ་བརྒྱད། །ལུང་ལ་མཁས་པའི་སློབ་དཔོན་རྣམས་དང་འགྲོགས། །ཞེས་པ་ལ་སློབ་དང་། བན་དེ་སྤྱི་ལ་ཡང་། མི་དགེ་བཅུ་སྤངས་དགེ་བ་བཅུ་ལ་ནི། །ལུས་ངག་ཡིད་གསུམ་དུས་བཞིར་གཡོ་མི་བྱེད། །དམ་ཆོས་ཟབ་མོའི་ཕྱིར་ནི་སྲོག་གིས་བོར། །མཁས་སུ་རེ་ཞེས་ཤེས་པའི་ས་མི་བཟུང་། །བདག་གིས་ཤེས་ཀྱང་ཐེ་ཚོམ་གཞན་ལ་དྲི། །ཞེས་པ་ལ་སོགས་པའི་ཞལ་ཏའི་སྤྲིང་ཡིག་དང་བཅས་པ་རྒྱལ་པོའི་ཕྱག་ཏུ་ཕུལ།
དེ་ལྟར་སངས་རྒྱས་གསང་བ་ཏི་སེ་ན་བཞུགས་པའི་དུས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས། ཨས་མཉྫུ་ཤྲཱི་དང་། བྲང་ཀ་མུ་ཏི་ཀ་གོ་ཆ། འཆིམས་ཤཱཀྱ་པྲ་བྷཾ་གསུམ་སྤྱན་འདྲེན་དུ་བཏང་བའི་ཚེ། ཞལ་ནས། ང་བོད་དུ་འགྲོ་བར་འཇམ་དཔལ་གྱིས་མ་གནང་། ཕྱིན་པ་དང་འདྲ་བ་བྱ་ཡིས་གསུང་ནས། རྡོ་རྗེ་དབྱིངས་ཀྱི་བསྒྲུབ་ཐབས་རྒྱུད་དོན་ལ་འཇུག་པ། རྣམ་སྣང་མངོན་བྱང་གི་བསྡུས་དོན། བསམ་གཏན་གྱི་ཕྱི་མའི་རྒྱ་ཆེར་འགྲེལ་རྒྱལ་པོ་ལ་གདམས་པ་སོགས་བཀའ་ཡིག་སོ་སོ། གོང་ཏུ་སྨོས་པ་ལྟར་མ་འོངས་ལུང་བསྟན་དུ་མ་དང་བཅས་པ་གནང་ངོ་། །དེ་ནས་གོང་གི་ལུང་བསྟན་ལྟར་ཐོག་ཏུ་བབས་ཏེ། དབུས་གཙང་གི་རྒྱལ་ཁྲིམས་ཐམས་ཅད་ནི་ཉམས་དམས། བོད་རང་འགའ་སིལ་བུར་སྤྱོད་པར་གྱུར་ཏོ། །པ་དཔལ་འཁོར་བཙན་ནི། སུམ་བཅུ་སོ་གཅིག་པ་ཆུ་མོ་གླང་ལ། ཡར་ལུངས་ཤམ་པོར་སྙིགས་ཀྱིས་བཀྲོངས་སོ། །