ཞི་བྱེད་ཆོས་འབྱུང་།
གཉིས་པ། དམ་ཆོས་བདུད་ཀྱིས་གཅོད་ཡུལ་ཞེས་བྱ་བའི་ཁུངས་སྟོན་པ།
Previous Chapter
Next Chapter

(གཉིས་པ། དམ་ཆོས་བདུད་ཀྱིས་གཅོད་ཡུལ་ཞེས་བྱ་བའི་ཁུངས་སྟོན་པ།)

གཉིས་པ་འབྱུང་ཁུངས་བསྟན་པ་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ལས་རྒྱས་པར་བསྟན་ལ། བསྡུས་དོན་འཕགས་པ་སྡུད་པ་ལས། རྒྱུ་རྣམ་བཞི་ཡི་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པས། དེ་ལ་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་ལྟ་བ་དང་གཅིག །སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ་དང་གཉིས། །ཇི་སྐད་སྨྲས་པ་དེའི་སྤྱོད་པ་སྨོན་འཇུག་བྱང་སེམས་ཀྱི་བསླབ་བྱར་བསླབ་པ་དང་གསུམ།

4b

བདེ་གཤེགས་ཀྱི་བྱིན་རླབས་འཇུག་ནུས་པའི་མོས་གུས་ཀྱིས་སྐྱབས་འགྲོ་དང་ཚོགས་གཉིས་བསགས་པ། ཁྱད་པར་བླ་མའི་རྣལ་འབྱོར་གནད་དུ་སྨིན་པ་སྟེ་རྒྱུ་རྣམ་པ་བཞིའོ། །དེ་ལྟར་རྒྱུ་རྣམ་པ་བཞི་ཚང་ན་གོང་དུ་བསྟན་པའི་བདུད་བཞིས་བསྐྱོད་པར་མི་ནུས་པར་གསུངས། དེའི་ཡན་ལག་ཏུ་ཚེ་འདིའི་སྣང་བ་སྒྱུ་མའི་བསླུ་བྲིད་ལ་ཞེན་པ་ལོག་པ་དང་། གཅོད་ཀྱི་སྒྲུབ་འབྲས་མངོན་དུ་མ་གྱུར་བར་དུ་ཉམས་སུ་ལེན་པའི་བརྩོན་འགྲུས། སྐྱིད་སྡུག་གང་བྱུང་ཐེག་པ། བླ་མའི་བརྟག་པ་སྔོན་དུ་འགྲོ་བའི་གདམས་པ་ཟབ་མོ་ཉིན་ལོ་ཐོས་ལོ་སྒོམ་ལོ་སྒྲུབ་ལོ་ཙམ་མ་ཡིན་པར། ཉིན་མཚན་བར་མེད་དུ་ཐོས་བསམ་སྒོམ་གསུམ་ལ་འབད་ནས་དམ་པའི་ཇི་གསུང་བཀའ་བཞིན་སྒྲུབ་པ་སོགས་མཉེས་པ་གསུམ་ལ་ཐང་ལྷོད་མེད་པ། དམ་པའི་ཆོས་ལས་བྱ་རྒྱུ་གཞན་མེད་པ། བླ་མ་མཆེད་དང་སྤྱི་དང་བྱེ་བྲག་གི་བསླབ་སྡོམ་དམ་ཚིག་ལ་སྲོག་དང་བདོས་ཏེ་བསྲུང་བ་དང་ཆོས་བརྒྱད་ཆགས་སྡང་ལས་འབྲས་རྨོངས་པ་དང་སྤྱིར་ཟས་ནོར་ལོངས་སྤྱོད། སྒོས་དད་རྫས་གཤིན་རྫས་ལོག་འཚོ་སོགས་ལ་དུག་བཞིན་དུ་འཛེམ་བག་དང་ལྡན་པ༑ ཁྲེལ་དང་ངོ་ཚ་མེད་པ་བག་མེད་རྣམ་གཡེང་ལེ་ལོ་བུད་མེད་ཤ་ཆང་གཉིད་ཀྱིས་དུས་འདའ་བ་སོགས་དམ་པས་སྨད་པའི་ལས་མཐའ་དག་ཚུལ་བཞིན་དུ་སྙིང་ནས་སྤངས་ཏེ། ཞེན་ལོག་དང་སྐྱོ་ཤས་ངེས་

5a

༄༅།       །འབྱུང་དང་ལྡན་པས་སྔོན་བྱོན་དམ་པའི་བྱིན་གྱིས་བརླབས་པའི་མི་མེད་ལུང་སྟོང་གཡའ་ཁྲོད་གངས་ཁྲོད་རི་ཁྲོད་རྣམས་དང་། ཁྱད་པར་ཆོས་བརྒྱད་དང་ཕོ་ཚོད་འགྲན་སེམས་དང་རྙེད་བཀུར་སྙན་གྲགས་སོགས་ལོག་པའི་བསམ་པ་མ་ཡིན་པར་གཅོད་དོན་ཉམས་སུ་ལེན་པའི་མན་ངག་དང་ལྡན་པས་དུར་ཁྲོད་གཉན་ས་སོགས་འགྲིམས་པ་དང་། འཁོར་འདས་མཉམ་པ་ཉིད་དུ་རྟོགས་ཀྱང་ལས་དང་རྒྱུ་འབྲས་ལ་ཤིན་ཏུ་སྤང་བླང་མ་འཆོལ་བ་དང་། དུས་དང་རྣམ་པ་ཐམས་ཅད་དུ་རང་སྐྱོན་ལ་གཅེར་གྱིས་བལྟ་ཞིང་གཞན་ལ་ཡོན་ཏན་དུ་བལྟ་བ་དང་། སྤྲོས་བཅས་དགེ་སྦྱོར་ལ་གཙོ་བོར་མི་གཡེང་བར་བྱམས་པ་ལྷག་བསམ་སྙིང་རྗེ་ཆེན་པོས་གཞི་བཟུང་། དེའི་སྟེང་དུ་གསང་སྔགས་ཀྱི་མྱུར་ལམ་ཟབ་མོའི་ཐབས་ཀྱི་ཆ་དང་དབང་དོན་གྱི་ཡེ་ཤེས་རང་ངོ་སྐྱོང་བ་ལ་དུས་འདའ་བར་བྱས་ནས་སྒྲུབ་འབྲས་མངོན་དུ་གྱུར་པ་ཞིག་དམ་ཆོས་ཕྱག་རྒྱ་ཆེན་པོའི་གཅོད་བྱ་བ་སྟེ། མ་ཅིག་གིས། ཡོངས་སུ་གྲགས་པ་ཕ་རོལ་ཕྱིན་པ་ལྟར། །ཉམས་སུ་ལེན་པ་གསང་སྔགས་རྡོ་རྗེའི་ཐེག །ཅེས་གསུངས་སོ། །ཡང་གཙོ་བོ་ཤ་ཁྲག་གི་མཆོད་སྦྱིན་གྱི་འབྱུང་ཁུངས་ཀྱང་སྤྱིར་གོང་དུ་བསླབ་བྱའི་སྐབས་སྦྱིན་པའི་དངོས་བསྟན་ཡིན་ལ། དེར་མ་ཟད་རྒྱལ་མཆོག་ཐུབ་པ་ཆེན་པོ་ཉིད་སྤྱད་པ་སྤྱོད་ཚེ་སྙིང་སྟོབས་ཆེན་པོས་

5b

སྟག་མོར་ལུས་སྦྱིན་པ་དང་། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་སྤུན་ལྔ་ལ་སྙིང་ཁྲག་སྤྱིན་པ་དང་། སྲོག་ཆགས་དེས་པ་དང་ཉ་བོ་ཆེའི་ལུས་སྦྱིན་པ་དམར་འགྱེད་དང་། དཀར་འགྱེད་གསང་སྔགས་སྤྲོས་བཅས་ཀྱི་རྫོགས་རིམ་གྱི་ཡན་ལག་ལུས་བདུད་རྩིར་དམིགས་ཏེ་འབུལ་བ་དང་། ནག་འགྱེད་ནི་བདུད་རྩི་འབེབས་སྦྱངས་དང་། ཁྲ་འགྱེད་ནི་དེ་ཐམས་ཅད་ཀྱི་གནད་འདུས་པ་ཙམ་དུ་ཤེས་པར་བྱའོ། །སྤྱིར་ལུས་ཀྱི་སྦྱིན་པ་ནི་བསོད་ནམས་ཐམས་ཅད་བསྡུས་པའི་མདོ་སྡེ་ལས་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འབྱུང་བ་ཆེན་པོ་བཞི་འདུས་པའི་ལུས་འདི་ལ་སྨན་གྱི་ཤིང་ལྗོན་པ་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱའོ། །སེམས་ཅན་གང་དང་གང་ལ་ཅི་དང་ཅི་དགོས་པ་དེ་དང་དེ་བཞིན་དུ་ཁྱེར་ཅིག་ཅེས་བྱས་ཏེ། ལག་པ་འདོད་པ་ལ་ལག་པ། རྐང་པ་འདོད་པ་ལ་རྐང་པ། མིག་འདོད་པ་ལ་མིག །ཤ་འདོད་པ་ལ་ཤ་ །ཁྲག་འདོད་པ་ལ་ཁྲག །རུས་པ་འདོད་པ་ལ་རུས་པ། རྐང་འདོད་པ་ལ་རྐང་། མགོ་བོ་འདོད་པ་ལ་མགོ་བོ། ཡན་ལག་དང་ཉིང་ལག་འདོད་པ་ལ་ཡན་ལག་དང་ཉིང་ལག་ཐམས་ཅད་ཁྱེར་ཅིག་སྙམ་པ་སྟེ། རིགས་ཀྱི་བུ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་སྦྱིན་པའི་ཚོགས་ཀྱི་བསོད་ནམས་མི་ཟད་པ་མངོན་པར་འབྱུང་བ་ཡིན་ཏེ། བྱང་ཆུབ་

6a

༄༅།       །སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྦྱིན་པ་བྱིན་པ་ན་སེམས་ཅན་སེར་སྣ་ཅན་རྣམས་ཀྱི་གཏོང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང་། སེམས་ཅན་དབུལ་པོ་རྣམས་ལོངས་སྤྱོད་ཐོབ་པའི་ཕྱིར་ཡན་ལག་ཉིང་ལག་ཡོངས་སུ་རྫོགས་པར་འགྱུར་བའི་ཡོངས་སུ་བསྔོ་བར་བྱའོ་གསུངས་པ་དམར་འགྱེད་དང་། སྔགས་རྒྱུད་ལས་ཀྱང་། ལུས་ཀྱི་སྦྱིན་པ་སྦྱིན་བྱས་ནས། །ཕྱི་ནང་སྤྱོད་པ་ཡང་དག་སྤྱོད། །ཅེས་མདོ་སྔགས་ཟུང་ལྡན་གྱི་སྤྱོད་པ་བསྟན་པ་དང་། དུས་ཀྱི་འཁོར་ལོ་ནས་ཀྱང་། གཏོང་བ་དང་ཡོངས་སུ་གཏོང་བ་དང་ཤིན་ཏུ་གཏོང་བ་གསུམ་ལས་ཕྱི་མ་ཕན་ཡོན་ཆེ་བ་ནི། རྟ་དང་གླང་པོ་བརྒྱ་འགྱུར་དང་། །བུ་དང་ཆུང་མ་སྟོང་དུ་འགྱུར། །ལུས་ཀྱི་མཆོད་སྦྱིན་བརྗོད་ལས་འདས། །ཞེས་བཀའ་གཏེར་མདོ་རྒྱུད་དུ་མ་ནས་གསུངས་ཀྱང་རེ་ཞིག་དེ་ཙམ་མོ། །