ཞི་བྱེད་ཆོས་འབྱུང་།
དང་པོ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ།
Previous Chapter
Next Chapter

(གསུམ་པ། དེ་ཇི་ལྟར་བརྒྱུད་པའི་ལོ་རྒྱུས་ཀྱི་རྣམ་པར་ཐར་པ།)

གསུམ་པ་དེ་ཇི་ལྟར་བརྒྱུད་པའི་ལོ་རྒྱུས་ཀྱི་རྣམ་པར་ཐར་པ་ལའང་། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་དང་། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་དང་། གསང་བ་སྔགས་ཀྱི་བརྒྱུད་པ་དང་། ཞི་བྱེད་བརྒྱུད་པའི་ལོ་རྒྱུས་ཏེ་བཞི་ཡོད་པ་ལས།

(དང་པོ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ།)

དང་པོ་ནི། ཡུམ་ཆེན་མོ་ཞེས་པ་བྱིས་བློས་གཞིགས་པས་རྣམ་པར་ཐར་པ་བརྗོད་དུ་མེད་པར་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཉིད་ཡིན་ཕྱིར། ས་བཅུའི་དབང་ཕྱུག་

6b

རྣམས་ཀྱིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་ལགས་ནའང་། འདིར་ཀུན་རྫོབ་ཙམ་སྨྲས་ན་གནས་འོག་མིན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཞིང་ཁམས་སུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡུམ་མམ། ཉན་རང་བྱང་སེམས་སངས་རྒྱས་ཏེ་འཕགས་པ་བཞི་བསྐྱེད་པའི་ཆོས་ཀྱི་སྐུ་ཡུམ་ཆེན་མོ། ཀུན་ཏུ་བཟང་མོ། རྡོ་རྗེ་དབྱིངས་ཕྱུག་མ། བདག་མེད་མ། སྣ་ཚོགས་ཡུམ་སོགས་མཚན་ཐ་དད་དུ་གསོལ་བ་ནི་ཡེ་ཤེས་སྒྱུ་མའི་ཟློས་གར་ཙམ་དུ་ཟད་ལ། དེའི་ཐུགས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་ཀྱིས་སྟོན་འཁོར་ཐ་མི་དད་བའི་དཀོན་མཆོག་འབྱུང་གནས་སོགས་ཕྱོགས་བཅུའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཅན་དང་། རིགས་ལྔ་ཡབ་ཡུམ་སོགས་ལོངས་སྐུའི་འཁོར་ཚོགས་དཔག་ཏུ་མེད་བས་བསྐོར་ཞིང་ཆོས་དབྱིངས་སྐྱེ་འགག་མེད་པའི་ངང་དུ་བཞུགས་པ་སྟེ། སྲས་སྒྲ་གཅན་འཛིན་ཀྱིས་ཡུམ་ལ་བསྟོད་པ། སྨྲ་བསམ་བརྗོད་མེད་ཅེས་པ་ནས་ཕྱག་འཚལ་ལོའི་བར་ཏེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ནི་ངག་ལས་རླུང་གིས་སྨྲ་རུ་མི་བཏུབ་པ། བསམ་པ་སེམས་ཡིད་ཀྱི་ཚོགས་དྲུག་གི་སྤྱོད་ཡུལ་དུ་མ་གྱུར་པ། ཡུལ་དྲུག་བེམ་པོ་ལྟ་བུ་ཡུལ་ཅན་རིག་པ་སྐྱེ་མཆེད་བཅུ་གཉིས་རྟེན་ཅིང་མ་འབྲེལ་བ། བརྗོད་མེད་བློ་འདས་འཕགས་པའི་དགོངས་པའོ། །ཐོས་བསམ་གྱི་ཤེས་རབ་རྣམ་པ་གཉིས་ཀྱིས་ལམ་

7a

༄༅།       །བདེན་སྤངས་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྟོང་པ་ཉིད་ཀྱི་ཕྱིར་མ་སྐྱེས་པ་དང་། རང་གསལ་བའི་ཕྱིར་མི་འགག་པ། རྟག་ཆད་ཀྱི་མཐའ་ལས་འདས་པ་དབུ་མ་རབ་ཏུ་མི་གནས་པ་ནམ་མཁའི་ངོ་བོ་དྲན་བསམ་མི་མངའ་བར་དོན་རབ་ཏུ་འབྱེད་པ། སོ་སོ་རང་གི་རིག་པ་དེའི་རྣམ་ཤེས་ལས་འདས་པས། ལྷན་སྐྱེས་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་ཀུན་རྫོབ་ཀྱི་བློ་ཡུལ་མ་ཡིན་པས་དུས་གསུམ་རྒྱལ་བའི་ཡུམ་ཞེས་དང་། དབུ་མ་ལས། དངོས་མེད་རྣམ་དག་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ། །མ་ལུས་ཚིག་མེད་ཡི་གེ་བྲལ་ལ་ཕྱག་འཚལ་ལོ། །འདས་དང་མ་འདས་ཀུན་ཏུ་སངས་ལ་ཕྱག་འཚལ་ལོ། །ཀུན་ནས་མ་ལུས་ཐམས་ཅད་སྟོང་ལ་ཕྱག་འཚལ་ལོ། །ཞེས་དང་། མ་ཅིག་ཌཱཀྐིས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་སེམས་ཉིད་རྣམ་པར་དག་པའི་དབྱིངས་འདི་ཉིད་ལས་སྐུ་བལྟམས་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་རྫུ་འཕྲུལ་དང་ཡོན་ཏན་ཐམས་ཅད་བསྐྱེད་པའི་གཞི་ཡང་འདི་ཡིན། དམ་པའི་ཆོས་ཐམས་ཅད་འབྱུང་བའི་གནས་ཀྱང་འདི་ཡིན་པས་དོན་གྱི་ཡུམ་ཆེན་མོའོ། །ཞེས་གཞི་ལམ་འབྲས་བུའི་ཚུལ་དུ་གསུངས་པ་དེ་ཉིད་སྐུ་ཞལ་ཕྱག་གི་རྣམ་པ་བྲལ་བ་སྟེ། ཇི་སྐད་དུ། ཆོས་སྐུ་གཟུགས་ཀྱི་ཕ་རོལ་ཕྱིན། །ས་བཅུའི་སེམས་དཔའི་སྤྱོད་ཡུལ་མིན་།

7b

ཞེས་སོ། །དེས་ན་དོན་དམ་པར་ཟབ་པ་བརྒྱད་དང་རྣམ་ཐར་གསུམ་གྱི་རང་བཞིན་དུ་གསུངས་ཀྱང་། ཀུན་རྫོབ་ཏུ་གང་འདུལ་སྒྱུ་འཕྲུལ་གྱི་རོལ་མོ་ནི་ཞལ་གཅིག་ཕྱག་བཞི་སྐུ་མདོག་སེར་པོ་ཞེས་པ་ཐབས་མཁས་ཙམ་དུ་ཤེས་པར་བྱའོ། །དེས་ཉིད་ལས་མི་གཞན་པའི་ལོངས་སྐུ་རྗེ་བཙུན་སྒྲོལ་མ་ཉིད་ལ་བསམ་དུ་མེད་པའི་ཆོས་ཉིད་ཀྱིས་བྱིན་གྱིས་བརླབས་པ་སྟེ། སྡུད་པ་ལས། སྐྱེ་བོའི་དབུས་ན་སྒྱུ་མའི་སྐྱེས་བུ་འདི་སྙམ་དུ། །སྐྱེ་བོ་འདི་མགུ་བྱ་སྙམ་མི་སེམས་དེ་ཡང་བྱེད། །རྫུ་འཕྲུལ་སྣ་ཚོགས་རབ་ཏུ་སྟོན་བར་བྱེད་མཐོང་ཡང་། །དེ་ལ་ལུས་མེད་སེམས་མེད་མིང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཡུམ་ཆེན་མོའི་ཆོས་ཉིད་ཀྱི་འོད་ཟེར་ལས་གཟུགས་ཀྱི་སྐུར་བཞེངས་པ་སྒྲོལ་མ་དཀར་སྔོན་དང་ཉེར་གཅིག་སོགས་གང་འདུལ་སྒྱུ་འཕྲུལ་གྱི་རོལ་པ་མཐའ་ཡས་སོ། །ལུགས་གཅིག་ལྟར་ན་འཕགས་པའི་སྤྱན་ཆབ་ལས་འཁྲུངས་པ་སོགས་བཞེད་ཚུལ་དུ་མ་སྟེ། སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཅན་རྣམས་ཀྱི་མཛད་པ་རྒྱ་མཚོའི་འཇིངས་ལྟ་བུ་ལ་བྱིས་བློའི་ལག་འགྲོས་ཀྱིས་གཏིངས་དཔོགས་པར་མི་ནུས་སོ། །སྤྱིར་རྒྱལ་བའི་ཞིང་ཁམས་ཐ་དད་ན་བཞུགས་པར་ངེས་ནའང་། ཁྱད་པར་རི་བོ་ཏ་ལའི་རྩ་བར་གཡུ་ལོ་བཀོད་པའི་ཞིང་ཁམས་ཞིག་སྤྲུལ་ཏེ་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་ལ་སངས་རྒྱས་དང་བྱང་ཆུབ་

8a

༄༅།       །སེམས་དཔའ་གྲུབ་པའི་རིག་འཛིན་ཕོ་མོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས། དེས་སྤྲུལ་པའི་མཁའ་འགྲོ་མ་སུ་ཁ་སིདྡྷིའམ་བདེ་བའི་དངོས་གྲུབ་ལ་བརྒྱུད་དེ། དེའི་ལོ་རྒྱུས་ནི། རྒྱ་གར་གྱི་གནས་གྲོང་ཁྱེར་ཆེན་པོ་གྲུ་འཛིན་ཅེས་བྱ་བར་ཁྱིམ་ཐབས་ལ་བྱོན། དེ་ཡང་ཤིན་ཏུ་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པ། མཁའ་འགྲོ་མ་དེ་དང་པོ་རང་ནས་ཆོས་ལ་ཤིན་ཏུ་དད་ཅིང་སྦྱིན་པ་ཕྱོགས་མེད་དུ་གཏོང་བ། དགེ་བའི་ལས་གང་ལ་ཡང་མོས་ཤིང་འཇུག་པ་ཞིག་ཡིན། ཁྱད་པར་ཁྱིམ་ཐབས་དེར་བྱོན་ཀྱང་བསྙེན་གནས་ཀྱི་སྡོམ་པ་བསྲུང་པ་དང་། རྫས་དང་ལོངས་སྤྱོད་ཐམས་ཅད་ཀྱིས་དཀོན་མཆོག་ལ་མཆོད་པ་དང་། དབུལ་འཕོངས་ལ་སྦྱིན་པ་གཏོང་བ་དང་། ཁྱིམ་ཚེས་དང་མཛའ་བཤེས་ལ་སྟེར་བ་ལ་སོགས་པ་མདོར་ན་ལོངས་སྤྱོད་ཐམས་ཅད་ཕྱོགས་མེད་དུ་བཏང་ནས་ཁྱིམ་དེའི་དངོས་པོ་ཐམས་ཅད་ཟད་པར་བྱས་སོ། །དེ་ནས་བུ་ཁྱོ་ཀུན་ཁྲོས་ཤིང་འཁྲུགས་ཏེ་ཁྱིམ་དེ་ནས་ཕྱིར་བཏོན་པར་བྱས། དེའི་ཚེ་སྤྲང་བཞིན་པར་ཡུལ་ཕྱོགས་མེད་དུ་ཕྱིན་ཏེ། ཐུགས་དགོངས་ལ་ཅི་བྱས་ན་དགེ་བ་སྒྲུབ་དགོངས་ཏེ་མིའི་གཡོག་དང་ཆང་འཚོང་མ་ལ་སོགས་པ་མཛད་དེ། ཕྱག་ཏུ་དངོས་པོ་གང་འབྱོར་གྱིས་མཆོད་སྦྱིན་ཁོ་ན་མཛད་ཅིང་བཞུགས་པ་ལས། དེའི་དུས་སུ་སྒོ་

8b

རྩར་གྲུབ་ཐོབ་ཆེན་པོ་ཆོས་ཀྱི་གྲགས་པ་ཞེས་བྱ་བ་སྣང་བ་ཟིལ་གྱིས་གནོན་པ། མཐོང་བ་ཙམ་གྱིས་སྒོམ་རང་ཆས་སུ་སྐྱེ་བ་ཞིག་རྣལ་འབྱོར་པའི་ཆ་ལུགས་སུ་བྱས་ཏེ་བསོད་སྙོམས་མཛད་ཀྱིན་འདུག་པ་དང་མཇལ། དེར་མཁའ་འགྲོ་མ་ཤིན་ཏུ་དད་པར་གྱུར་ཏེ་ནང་དུ་སྤྱན་དྲངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། གྲུབ་ཐོབ་ཆེན་པོ་ལ་ཡི་རངས་ཏེ་འདི་སྐད་དུ། ཁོ་མོས་སྦྱིན་པ་བཏང་བའི་རང་བཞིན་ལ་བུ་ཁྱོ་ཀུན་གྱིས་ཡུལ་ནས་བཏོན་པ་ལགས། སང་ནས་ཀྱང་འདིར་བསོད་སྙོམས་ལ་འབྱོན་པར་ཞུ་གང་འབྱོར་འབུལ་བ་ལགས་ཞུས་པས། གྲུབ་ཐོབ་ཆེན་པོའི་ཞལ་ནས་སྤྱིར་གྱི་སྦྱིན་པ་བཏང་བ་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཀྱང་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཞིག་མ་རྟོགས་ན་ཚེ་འདིར་སངས་རྒྱས་ཐོབ་པར་མི་ནུས། ད་ལྟ་དགེ་བའི་ལས་ལ་དད་ཅིང་ཆོས་ལ་མོས་པའི་དུས་འདིར་སངས་རྒྱས་ཞིག་ཅི་ནས་ཀྱང་ཐོབ་དགོས་པས་སང་ནང་པར་ངའི་དགོན་པར་ཤོག་དང་། ཁྱེད་ལ་ངས་སངས་རྒྱས་པའི་གདམས་པ་སྟོན་གསུངས་ནས་གཤེགས་སོ། །དེ་ནས་མཁའ་འགྲོ་མ་གྲུབ་ཐོབ་ཀྱི་དགོན་པར་བྱོན་ནས་གདམས་པ་ཞུས་ཏེ་ཉམས་སུ་བླངས་པས་མོ་ལོ་དྲུག་ཅུ་རྩ་གཅིག་ནས་གྲུབ་ཐོབ་ཏུ་གྱུར་ཏོ། །དེའི་དུས་སུ་རྗེ་བཙུན་མས། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་མེད་ཚིག་ཆོད་དུ་སྟོན་པ། འཁོར་འདས་ཆོས་ཉིད་ཀྱི་ཀློང་དུ་བསྲེ་བ།

9a

༄༅།       །ལྟས་ངན་གཡང་དུ་འགུགས་ཤིང་རྐྱེན་ངན་སྲིད་དུ་གཅོད་པའི་ཟབ་མོའི་གདམས་པ་འདི་གནང་བའོ། །