ཞི་བྱེད་ཆོས་འབྱུང་།
ལེའུ་དང་པོ།
Previous Chapter
(ལེའུ་དང་པོ།)
དེ་ནས་ཚངས་པས་ཞུས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་བར་པ་བྱ་རྒོད་ཕུང་པོའི་རི་ལ། བྱང་ཆུབ་སེམས་དཔའ་དང་དགེ་སློང་གི་དགེ་འདུན་རྣམས་ལ་ཐེག་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་གསུངས་ཤིང་ཀུན་དགའ་བོ་ལ་གཏད། ཐ་མ་རྩ་མཆོག་གྲོང་དུ་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར་མྱ་ངན་ལས་འདས་ཚུལ་བསྟན་ཅིང་སྐུ་གདུང་བཞག་པ་སྟེ། ཆོས་རྗེ་རང་བྱུང་རྡོ་རྗེས། འཕོ་དང་ལྷུམས་ཞུགས་བལྟམས་པ་དང། །བཟོ་དང་རོལ་རྩེད་ངེས་འབྱུང་དང། ། དཀའ་སྤྱད་དྲུང་གཤེགས་བདུད་སྡེ་བཏུལ། །སངས་རྒྱས་ཆོས་འཁོར་མྱ་ངན་འདས། །མཐར་ཕྱིན་ལེགས་པར་རྫོགས་པ་ཡི། །རྒྱལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའི་རྗེས་སུ་དགྲ་བཅོམ་པ་རྣམས་ཀྱིས་བཀའི་བསྡུ་བ་ལན་གསུམ་མཛད་ཅིང་། བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཕྱོགས་ནས་བྱང་ཕྱོགས་སུ་རྒྱས་པར་ལུང་བསྟན་པ་ལྟར། ཉིས་སྟོང་བདུན་བརྒྱ་ཙམ་ནས་མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་སྤྲུལ་པ། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོས་སྲོལ་
10a
༄༅། །བཏོད་ཅིང་། ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་མཚོ་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བི་མ་མི་ཏྲ་སོགས་སྤྱན་དྲངས་ཏེ། བོད་ཀྱི་ལྷ་འདྲེ་ཐམས་ཅད་གཟིལ་འོག་ཏུ་གནན་ཏེ་འདུལ་བར་མཛད། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བོད་ཀྱི་རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཏེ་ཆོས་ནོར་གྱི་གཏེར་ཁ་དུ་མས་བཀང་། ཐུབ་པའི་དབང་པོའི་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་བོད་ཡུལ་དུ་དར་ཞིང་རྒྱས་པར་མཛད། ལོ་ཙ་བ་བཱཻ་རོ་དང་ཀ་ལྕོག་རྣམ་གཉིས་ལ་སོགས་པས་སྤྱིར་བཀའ་ཐམས་ཅད་དང་། ཁྱད་པར་དུ་ཡུམ་སྟོང་ཕྲག་བརྒྱ་པ་ནས་ཡི་གེ་གཅིག་མ་ཡན་ཆད་བསྒྱུར་ཞིང་གཏན་ལ་ཕབ་སྟེ། ཉན་བཤད་དང་འབྲི་ཀློག་དར་ཞིང་རྒྱས་པར་མཛད། བོད་དུ་བསྟན་པ་དར་ནའང་ཚིག་དང་ཡི་གེའི་ཐ་སྙད་ཙམ་ལས་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པའི་དོན་རྟོགས་པ་ཤིན་ཏུ་ཉུང་བ་ལ་དགོངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐུབ་པས་འཇམ་དཔལ་སྨྲ་བའི་སེངྒེ་ལ་གསུངས། འཕགས་པ་འཇམ་དཔལ་དེ་ཡང་སྔོན་འདས་པའི་གོང་རོལ་དུ་སངས་རྒྱས་ཟིན་ཀྱང་། ཁམས་གསུམ་གྱི་སེམས་ཅན་བསྒྲལ་བའི་ཕྱིར་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་མི་ཆད་པར་མཛད་ཅིང་། མཚན་ཐོས་པ་ཙམ་གྱིས་དེ་ཉིད་ཀྱི་ཞིང་ཁམས་
10b
སུ་སྐྱེ་བ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པར་གསུངས་ཏེ། དེ་ལ་འཇམ་དཔལ་ངོས་འཛིན་པ་ནི། ཉན་ཐོས་པ་རྣམས་སོ་སོ་སྐྱེ་བོ་དབང་པོ་ཤིན་ཏུ་རྣོན་པོ་འཕགས་རྒྱུད་ཀྱིས་བསྡུས་པ་ལ་འདོད། རང་རྒྱལ་རྣམས་རྫུ་འཕྲུལ་ཆེར་སྟོན་ནུས་པའི་རང་སངས་རྒྱས་ལ་འདོད། ཕར་ཕྱིན་པ་ཁ་ཅིག་ཉེ་སྲས་བརྒྱད་ཀྱི་ནང་ཚན་ལ་འདོད། མདོ་སྡེ་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་དུ་སྤྲུལ་པ་ཞིག་ལ་འདོད། བྱ་རྒྱུད་པས་རིགས་གསུམ་གཙོ་བོ་ལ་འདོད། རྣལ་འབྱོར་རྒྱུད་ཀྱིས་རྡོ་རྗེ་རྣོན་པོ་ལ་འདོད། བླ་མེད་པས་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ལ་འདོད། རྣལ་འབྱོར་ཆེན་པོས་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་ལ་འདོད་། འདི་ཡེ་ཤེས་སེམས་དཔའ་འམ་འཇམ་པའི་རྡོ་རྗེ་ཞེས་བྱ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ན་གནས་པར་གསུངས། བཤད་རྒྱུད་ལས། མཁྱེན་རབ་དམ་པ་འཕགས་པ་འཇམ་དཔལ་ནི། །འདས་པའི་དུས་སུ་མངོན་པར་སངས་རྒྱས་ཀྱང་། །མ་འོངས་དུས་སུ་ས་བཅུའི་ཚུལ་དུ་སྤྲུལ། །ཞེས་པས་རྡོ་རྗེ་མི་བསྐྱོད་པ་སོགས་རིགས་ལྔ་སྟེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་རང་བཞིན་དང་། ཡེ་ཤེས་ལྔའི་བདག་ཉིད་ལས་འདི་སོ་སོར་རྟོག་པའི་ཡེ་ཤེས་གཟུགས་ཀྱི་སྐུར་བཞེངས་པ་གསུང་རྡོ་རྗེ་འོད་དཔག་མེད་ཡིན་ལ་། དེས་བདེ་ཆེན་ཞིང་ཁམས་སུ་གཙོ་དང་འཁོར་གྱི་
11a