ཞི་བྱེད་ཆོས་འབྱུང་།
བསོད་ནམས་བླ་མ།
Previous Chapter
Next Chapter

(བསོད་ནམས་བླ་མ།)

དེའི་ལོ་རྒྱུས་ནི། འཁྲུངས་ཡུལ་ལ་སྟོད་གཙང་པོ་པ་ཡིན། གདུང་རུས་སྐྱོ་ཡིན། གཏིང་མི་ཆོས་ལ་ཤིན་ཏུ་མཁས་པ་ཞིག་ལགས། སློབ་གཉེར་དང་གསན་དགོངས་མཛད་པས་གསར་མའི་མདོ་སྔགས་ཀུན་ཤིན་ཏུ་མཁས་པར་མཁྱེན། སྒོམ་ཆོས་དང་ཟབ་ཆོས་ལ་སོགས་པ་ཕྱོགས་མེད་དུ་གསན། རི་ཁྲོད་འགྲིམ་ཞིང་དབེན་པ་ཡང་མང་དུ་བསྟན། མདོར་ན་ཐོས་བསམ་སྒོམ་གསུམ་གྱི་ནོར་གྱིས་ཕྱུག་ཅིང་། ཐུགས་རྒྱལ་ཡང་ཤིན་ཏུ་ཆེ་བར་

 


14b

བཞུགས་པ་ལས། ལ་སྟོད་དིང་རི་གླང་འཁོར་ན་དམ་པ་རྒྱ་གར་ཞེས་བྱ་བ། ཨ་ཙ་ར་གཅིག་གིས་གཞན་སེམས་ཅན་མང་པོ་མགོ་བསྐོར་ཀྱིན་འདུག་ཟེར། དེ་སུན་དབྱུང་དུ་འགྲོ་དགོངས་ནས་བྱོན་པས། དམ་པ་དེང་རིར་འབོལ་གཅིག་གི་ཁ་ན་སྤྱན་ཧུར་རེ་བཞུགས་པ་དང་མཇལ་བས། དམ་པ་ཁྱེད་སྤྱན་ཧུ་རེ་བཞུགས་པ་ཅི་ཡིན་ཞུས་པས། དགེ་བཤེས་ཁྱོད་ཐུགས་རྒྱལ་ཤིན་ཏུ་ཆེ་བར་འདུག་པ། ཆོས་སམ་དེ་ཅི་ཤེས་པ་ཡིན་གསུངས། དེར་སྐྱོ་ཡིས་དེ་མ་ཐག་ཏུ་ཆོས་སྤྱིའི་གོ་ལུགས་དང་འདོད་ལུགས་ཀུན་ཞུས་པས། དེ་ཀུན་ཀྱང་ཆོས་སྤྱིའི་གོ་ལུགས་དང་འདོད་ལུགས་སུ་སོང་འདུག་པས། དོན་རང་གི་མཚན་ཉིད་བྱ་བ་རང་གི་སེམས་ལས་གཞན་ན་མེད། དེ་ཡང་རང་གི་སེམས་སངས་རྒྱས་སུ་ངོ་སྤྲད་ནས་སྒོམ་པ་འདི་ཡིན་བྱ་བ་ཞིག་དང་། དེ་ལས་རྒྱུ་འབྲས་ཀྱི་རྟེན་འབྲེལ་འདི་ལྟར་འཆར་བྱ་བ་དང་གཉིས། དེ་ལས་གཞན་དོན་གྱི་རྟེན་འབྲེལ་འདི་ལྟར་འགྲིག་བྱ་བ་དང་གསུམ། དོན་མཐར་ཐུག་གི་འབྲས་བུ་འདི་ལྟར་ཡིན་བྱ་བ་དང་བཞི་རང་གིས་ཤེས་དགོས་པ་ཡིན་གསུངས་པས། དེར་ཁོང་གི་ང་རྒྱལ་ཆག་ནས། དམ་པ་ཐུགས་རྗེ་ཅན་བདག་ལ་ཆོས་ཞིག་གནང་བར་ཞུ་འཚལ་ཞུས་པས། དམ་པས་སྣོད་དང་ལྡན་པར་གཟིགས་ནས་ཆོས་དུ་མ་དང་། ཁྱད་པར་དུ་བཀའ་བརྒྱུད་དོན་གྱི་མན་ངག་གནང་། དོན་ཤེས་རབ་གྱི་

15a

༄༅།       །ཕ་རོལ་ཏུ་ཕྱིན་པ་འདི་གནང་ཞིང་ཁྲིད་བསྐྱངས། དེ་ཡང་དམ་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་ངོ་སྤྲད། སེམས་ཉིད་སངས་རྒྱས་སུ་ངོ་སྤྲད་པས། དགོན་པ་དང་རྟེན་མཆོད་ཕྱག་དཔེ་དང་ནོར་རྫས་ཅི་ཡོད་ཐམས་ཅད་སྤོང་དག་ཏུ་བཏང་ནས། སྐུ་ལ་ལྭ་བའི་བེམ་རྩག་ཞིག་གསོལ། ཕྱག་ན་ཐོད་ཕོར་དང་དམ་ཚིག་གི་དཔེ་འབུམ་གཅིག་བསྣམས་ནས་གཉན་ས་དང་རི་ཁྲོད་ཕྱོགས་མེད་དུ་འགྲིམ་ཞིང་། རོ་སྙོམས་ཀྱི་སྤྱོད་པ་མཛད་པའི་དུས་སུ་མ་ཅིག་ལབ་སྒྲོན་ལ་གནང་བ་ལགས་སོ། །