ཞི་བྱེད་ཆོས་འབྱུང་།
མཁས་གྲུབ་ཆོས་རྗེ།
Previous Chapter
(མཁས་གྲུབ་ཆོས་རྗེ།)
དེ་ལ་བུ་ཆེན་མང་དུ་ཡོད་ཀྱང་ཆོས་འདིའི་བཀའ་མཁས་གྲུབ་ཆོས་རྗེ་(རྒོད་ཕྲུག་གྲགས་པའི་བླ་མ་ཡིན་འདུག །མཁས་གྲུབ་ཆེན་པོ་གཞོན་ནུ་གྲུབ་ཀྱང་ཟེར་རོ། ། )ལ་བབས་ཏེ། དེའི་འཁྲུངས་ཡུལ་ནི་བཻ་རོ་དང་མཁས་པ་གཙང་ནག་པ་ལ་སོགས་པ་སྐུ་འཁྲུངས་ས། མྱང་སྨད་ཅུང་པ་གཡུ་ལོ་སྡེ་ཞེས་བྱ་བ་དེར་གདུང་རུས་ལྡིང་ཡིན་ཅིང་། ཡབ་རྒྱལ་པོ་ཚེ་འཕེལ་ཞེས་པ་དང་ཡུམ་རྒྱལ་མོ་ཁྱེ་འདྲེན་དཔལ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞིའི་དུས་ཡོ་ཟླུམ་གྱི་རི་ཁྲོད་མཐོང་བས་ཤིན་ཏུ་དགའ་བ་དང་བལྟ་སྙིང་འདོད་པ་བྱུང་ནས། ཡ་གི་ན་ཅི་ཡོད་ཅེས་དྲིས་པས་མ་ན་རེ་གྲུབ་ཐོབ་ཧཱུཾ་འབར་བྱ་བའི་བཞུགས་གནས་ཡོད་ཟེར། རི་ཡ་གིར་སྡོད་ས་ཡིན་ན་དགའ་སྟེ་སྙམ་པ་དང་། དགུང་ལོ་བཅུའི་དུས་ནམ་འཆིའི་ངེས་པ་མི་འདུག་ཅིང་འཁོར་བ་སྡུག་བསྔལ་གྱི་རང་བཞིན་སྲན་ཐབས་མེད་པས། བསྒོམ་རང་བྱེད་དགོས་སྙམ་པའི་ངེས་ཤེས་སྐྱེས་པ་ཡང་བྱུང་གསུངས། ཉི་ཤུ་ལོན་པ་དང་དགེ་ཚུལ་གྱི་སྡོམ་པ་བླངས་ཤིང་བསྙེན་པར་རྫོགས་ནས། འདུལ་བའི་བསླབ་བྱ་དང་བསླབ་བཏུས། སྤྱོད་འཇུག །སྐྱེས་བུ་གསུམ་གྱི་ལམ་རིམ་སོགས་བཀའ་གདམ་པའི་ཆོས་སྐོར་མཐའ་ཡས་པ་གསན། གཞན་ཡང་ས་སྐྱ་པའི་ཆོས་སྐོར་དང་། དཀའ་ཐུབ་དང་མགོན་བོའི་སྐོར་
59a
༄༅། །ལ་སོགས་པའི་ཆོས་མ་ལུས་པར་ཞུས་ཏེ་རི་ཁྲོད་ཕྱོགས་མེད་དུ་འགྲིམ་པར་མཛད། རིན་པོ་ཆེ་སངས་རྒྱས་སྟོན་པའི་སྙན་པ་ཐོས་པས་ཤིན་ཏུ་དད་པར་གྱུར་ནས་དབུས་སུ་རིན་པོ་ཆེའི་དྲུང་དུ་བྱོན། ཞལ་མཇལ་བ་ཙམ་གྱིས་ཕྲ་རགས་ཀྱི་རྣམ་རྟོག་ཐམས་ཅད་ཆོས་ཉིད་དུ་རོ་སྙོམས་ཏེ། རྐྱེན་ཐུབ་པའི་བློ་བདེ་ཚགས་སུ་ཚུད་པར་གྱུར་ཅིང་། དེ་ནས་ཆོས་དྲུག་སོགས་དམར་ཁྲིད་ཞལ་གདམས་རྣམས་དང་། ཐུགས་རྗེ་ཆེན་པོ་རྟ་མགྲིན་དང་། མཁའ་སྤྱོད་དཀར་དམར་དང་། ནམ་མཁར་སྒོ་འབྱེད། བླ་མ་མགོན་པོ་དབྱེར་མེད། མདོ་རྒྱུད་བསྟན་བཅོས་འགའ་རེའི་བཤད་པ། དྭགས་པོ་བཀའ་བརྒྱུད། འབྲི་གུང་པ། འབྲུག་པ། མཚལ་པ། ས་སྐྱ་པ། མ་ཅིག་གི་ཆོས་སྐོར་ལ་སོགས་པ་རིན་པོ་ཆེ་ལ་མངའ་ཚད་ཞུས་སོ། །དེའི་ཚེ་རིན་པོ་ཆེའི་ཞལ་ནས། ཆོས་ཐོབ་ཚད་ཉམས་སུ་ལེན་ཅིང་ཆིག་བརྒྱུད་ཀྱི་གདམས་པ་རྣམས་ལ་བདག་པོ་གྱིས་ལ། སྣོད་ལྡན་གྱི་སློབ་མ་རྣམས་ལ་ཕན་ཐོགས་དང་འགྲོ་དོན་མཛོད་ཅེས་ལན་གསུམ་དུ་གསུངས་པས། ཕྱག་བཙལ་ཞབས་སྤྱི་བོར་བླངས་ཏེ། སྤྱིར་ཚེ་འདིར་ཐུགས་གཏད་ཀྱི་གོ་ཆ་ཆེན་པོ་མཛད་ཅིང་། ལྷག་པར་ལོ་བཅུ་གཉིས་ཀྱི་བར་དུ་དབྱར་དགུན་ཆར་ལྷགས་སྐྱོབ་པའི་ཕྱིར་ཟླ་བ་གཉིས་གསུམ་རེ་གནས་གཅིག་ཏུ་བཞུགས་
59b
པ་དང་། དེའི་རྒྱགས་ཁལ་གསུམ་ལས་ལྷག་མི་བཅང་ཞིང་། གནས་ཅིག་ཏུ་ཡུན་རིང་མི་བཞུགས་པ་དང་། ཕྱོགས་མེད་དུ་གཉན་ཁྲོད་མང་པོ་འགྲིམ་པའི་དམ་བཅའ་འབུལ་བར་མཛད་པ་ལགས། དེ་ནས་ལན་ཅིག་ཚོངས་འདུས་མགུར་མོའི་ནུབ་ཀྱི་དུར་ཁྲོད། ཀླུ་བདུད་གཉན་པོ་ཡོད་པ་དེར་གཅོད་མཛད་པས། ནུབ་ཅིག་སྣང་ཡུལ་དུ་བྲག་གི་ལྷོ་ངོས་ཀྱི་ཐང་དེ་ནས་ཡར་ལ་ར་ལྤགས་ཁམ་ནག་ཕྱིར་ལོག་ཏུ་གྱོན་པ་འདྲ་བ་བདུན་ཙམ་ཁྲིག་ཁྲིག་བྱུང་སྙམ་པ་དང་། ཚིར་གྱིས་གནན་པ་འདྲ་བའི་གཟི་བརྗིད་རྨི་ལམ་དུ་བྱུང་བས། ངའི་ལུས་འདི་ཁྲོ་རྒྱལ་རྟ་མགྲིན་གྱི་སྐུ་ཆེན་པོ་ཅིག་ཏུ་གྱུར་ནས། གདོན་དེ་དག་ཁྱོར་བའི་ནང་དུ་འུབ་ཀྱིས་བཅུག་ནས་དཀྲོགས་པས། སྤྲུལ་འདྲ་བའི་གླེར་གླེར་ཞིག་ཏུ་སོང་འདུག །དེ་སྣ་ནང་དུ་རྡུབས་ཏེ་ཆོས་དྲུག་གི་དམིགས་པ་གདོན་ཞི་བྱེད་གྱིས་དཀྲུག་ཅིང་འཁྲུལ་འཁོར་བྱས་པས། སྐད་ངན་ཆེན་པོ་བྱུང་སྟེ་མདུན་དུ་གཏོང་ཙ་ན་ལུག་གི་མཆིན་པ་འདྲ་བ་ཅིག་འགུལ་འགུལ་འདུག །དེ་ལ་སྙིང་རྗེ་དྲག་པོ་སྐྱེས་པས་ཁོའི་གནོད་སེམས་དང་བར་ཆད་ཀྱང་ཞི་བར་གྱུར་ཏོ། །གཅོད་དམིགས་དང་རྨི་ལམ་སྒྱུ་ལུས་འདི་གུང་མཐུན་ཞིང་། གཅིག་གིས་གཅིག་རྩ་ལ་སྦྱོང་བར་འདུག་གསུངས། ཡང་བྲག་ལྷ་ཀླུ་ཕུག་ཏུ་ཞག་བཞི་བཅུའི་བར་དུ་ཆོ་འཕྲུལ་ཉི་ཚེ་བྱུང་། ནུབ་ཅིག་ཕྱོགས་བཞི་ནས་མི་བཞིས་གྲི་རུབ་བྱས་པ་
60a
༄༅། །རྨིས། དེ་ལ་དགག་སྒྲུབ་མེད་པར་བཞག་པས་དགེ་སྦྱོར་འཕེལ་ཞིང་རིག་པ་ལ་ངར་ཆེན་པོ་སྐྱེས། དེ་དག་ཤད་ཀྱིས་ཉལ་བའི་ཁར་ཞོན་ཏེ་འཁྲབས། འགྲམ་པ་ལ་ཐལ་ལྕག་རྒྱབ་པས་སྐྱབས་སུ་མཆི་ཟེར་གྱིན་འདུག །དེའི་ཤུགས་ཀྱིས་ཁོ་བོས་མཛེ་ནད་ཁག་པ་ཅིག་ཡོང་བ་དེ་ཐོན་གསུངས། ཡང་ལན་གཅིག་གཡག་ལུང་གི་ཀ་ནིའི་འོག་ཏུ་འཕྲེད་ཉལ་བྱས་བསྡད་པས། ནམ་ཕྱེད་ཙམ་ན་རྟ་བ་ཅིག་བྱུང་ནས་ཁོས་མེ་འབར་བ་ཞིག་ཏུ་མཐོང་སྟེ། ཕྱག་ཕུལ་བ་མཐོང་གསུང་། ཡང་གཡུ་རི་ཤོད་དུ་གཉན་ས་འགྲིམས་པས། ལྷ་འདྲེ་ཁ་ཟེ་བ་རྣམས་ཀྱིས་ཆོ་འཕྲུལ་སྔོན་ལ་སྟོན་ཅིང་། བྱིངས་ཆེ་བ་རྣམས་ཀྱིས་ཕྱིས་ནས་བསྟན་པས། དེ་ལྟར་ཟླ་བ་གཅིག་གི་བར་དུ་ཆོ་འཕྲུལ་བྱུང་བར་བརྟེན་ནས་དགེ་སྦྱོར་འཕེལ། ལྷོངས་ཚད་དང་ཚར་ཚད་མཚུངས་ལྡན་དུ་བྱུང་ཞིང་། མཆོག་ཐུན་གཉིས་ཀའི་ཚར་ཚད་བྱུང་གསུངས། དེ་ནས་མར་འོང་ཞིང་ཕུག་པ་འདྲེ་ཅན་ཅིག་ཏུ་ཉལ་བས། ནམ་ཕྱེད་ན་བྱད་ཀྱི་སྟེང་དུ་ས་ཉིལ་བྱུང་བས་ཅི་ཡིན་སྙམ་ནམ་ལངས་ནས་བལྟས་པས། རྡོ་ཆེན་པོ་རྫ་མ་ཙམ་ཅིག་ལྷུང་ལ་ཁད་མཐའ་ནས་སེར་ག་པག་པག་གས་འདུག །བྲེད་དྲགས་ནས་ཕྱིར་རྒྱངས་ཀྱིས་ཐོན། དེ་མ་ཐག་དྲན་པས་ཟིན་ནས་བདག་འཛིན་བློས་མ་ཐོངས་པའི་གཅོད་པ་རྡུགས་འདུག་སྙམ། སླར་ལོག་
60b
སྟེ་རྡོ་དེའི་ཐད་ཀར་མགོ་བོ་བཞག་ནས་ཉལ་བསྡད། ཞག་གཉིས་ནས་སྙེམས་ཐག་ཆོད་དེ་ཙམ་པ་སློང་དུ་ཕྱིན། ལོག་འོངས་བའི་དུས་མགོ་བཞག་ས་རུ་ལྷུང་འདུག་གསུངས། ཡང་ཁ་རག་ཏུ་སྒྲུབ་པ་དམ་པོ་ཅིག་བྱས་པས་རླུང་ལོག་བྱུང་སྟེ། ཞྭ་དང་གོས་དྲོ་བར་གྱོན་ཅིང་ཟས་བཅུད་ཆེན་དང་བྱུག་པ་ལ་སོགས་པ་གང་བྱས་ཀྱང་མ་ཕན། མན་ངག་གི་དམིགས་པས་གནང་བསྣུན་སོགས་གང་བྱས་ཀྱང་མ་ཕན་པས། ད་ནི་ཤི་ནུས་ཀྱི་ཐོག་འགེལ་བྱའོ་སྙམ་ནས། དཔེ་ཆ་དང་གོས་སྟན་སོགས་གང་ཡོད་སྤོང་ཐག་བྱས། རྟོགས་ལྡན་མགོན་ཡེས་ལ་བེམ་པོ་གོག་པོ་ཞིག་དང་རིང་འགག་ལྷན་པ་བཏབ་པ་ཅིག་འདུག་པས། འདི་གཉིས་ང་ལ་ཚོང་དང་བྱས་པས་ཁྱེད་ཀྱི་བཞེས་ན་ཕུལ་ཆོག་གསུང་ནས་བྱིན་པ་དེ་གོན། རྟོགས་ལྡན་དམ་པ་ཤུག་གསེབ་པ་གྲོགས་ལ་ཁྲིད། སེམས་ཅན་གྱི་དོན་དུ་སངས་རྒྱས་སྒྲུབ་པ་ལ་ཆོས་ཕྱོགས་སུ་འཆི་ནུས་པའི་གོ་ཆ་བྱས་ཏེ་གཉན་ཁྲོད་ལ་ཕྱིན་པས། གཟུགས་སྟོབས་ཞན་པས་གཙང་པོའི་འགྲམ་དུ་ལུས། དུས་དེར་ཕ་བོང་གཉིས་ཀྱི་བར་དུ་རླུང་དང་ཆུའི་དད་བསྡོངས་ཏེ། གྲང་ཟུག་མི་བཟོད་པ་དེ་ལ་མགོ་བསྟན་ནས་ཟློག་སྒོམ་བྱས་པས། མགོ་བོ་འགས་པ་འདྲ་བའི་ཟུག་དེ་དྲག་ནས་ནམ་ཕྱེད་ཙ་ན་གཉིད་དུ་སོང་འདུག །མདོར་ན་ཐོགས་བཅས་ཐོགས་མེད་མཛེ་ནད་དང་
61a
༄༅། །འགོ་ནད་ལ་བསྲེ་བ་དང་། ཡ་ང་བ་དང་སྐྱུག་དྲོ་བ་ལ་རྫི་བ་སོགས་ངོ་མཚར་བའི་གསུང་རང་གིས་ཐོས་པ་ཙམ་དུ་མ་ཟད། གཞན་གྱིས་ཀྱང་མཐོང་ཞིང་ཐོས་པ་མང་ངོ་། །ཡང་རིན་པོ་ཆེས་གསང་སྤྱོད་མཛད་ཅིང་ཨ་གཉེར་ཁ་རུ་བྱོན་པས། འཁྱིལ་མཚོ་མེ་ལོང་ལྟ་བུ་སྔོ་ཞིང་དངས་པ་ཅིག་འདུག་པ་དེའི་འགྲམ་དུ་བཞུགས་པས། མཚོ་དེར་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་ལྷན་ཅིག་སྐྱེས་པ་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་མ་འདྲེས་པར་ཡོང་སུ་རྫོགས་པ་ཅིག་གི་ཞལ་མངོན་སུམ་དུ་མཇལ། རློམ་ཞེན་མེད་པར་རང་གི་སེམས་ཉིད་སྐྱེ་བ་མེད་པ་དང་དབྱེར་མེད་དུ་བསྲེ་བར་མཛད་པས། དེ་ཕྱིན་ཆད་བསྐྱེད་རིམ་གསལ་བ་དང་ཉམས་མྱོང་ལ་བོགས་ཆེ་བར་བྱུང་གསུངས། དེ་ལྟ་བུའི་དཔལ་ལྡན་བླ་མ་དམ་པ་འདི་ཉིད་ཀྱིས་ཇི་སྙེད་པའི་གདམས་པ་མཐའ་དག་ཐུགས་ཉམས་སུ་བཞེས་ཤིང་། དེ་དོན་གདུལ་བྱའི་ཁམས་དབང་དང་མཐུན་པར་སྩལ་ནས་སྨིན་གྲོལ་ལ་བཀོད་པའི་ཚུལ་རྒྱས་པ་ནི་རྣམ་ཐར་ཆེན་མོར་གསལ་བས་དེར་བལྟའོ། །དེ་ནས་དབྱར་ཟླ་ར་བའི་ཉི་ཤུའི་སྐར་མ་རྒྱལ་སྨད་ལ་བབས་པའི་ཉི་མ་རྩེ་ཤར་མཁའ་འགྲོ་མང་པོའི་བསུ་བ་དང་། ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་མཛད་པ་ཆོས་དབྱིངས་སུ་བསྡུས་པར་གྱུར་
61b