ཞི་བྱེད་ཆོས་འབྱུང་།
དགེ་མང་གྲུབ་ཐོབ།
Previous Chapter
(དགེ་མང་གྲུབ་ཐོབ།)
༈ཡང་གྲུབ་བའི་དབང་ཕྱུག་དགེ་མང་གྲུབ་ཐོབ་ཀྱི་ལོ་རྒྱུས་ནི། འཁྲུངས་ཡུལ་རྫ་ཆུ་ཁ་དགེ་མང་། ཡབ་གཙང་པ་གསེར་འོད་དང་ཡུམ་འབྲོག་བཟའ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྲས་གཉིས་ཡོད་པའི་ཆུང་བ་ཡིན་ཞིང་། ཆུང་དུས་ནས་ཡབ་ཡུམ་གཉིས་སྐུ་གཤེགས་པས་དགེ་རྩེ་བླ་མ་དགེ་གྲགས་ཅན་དུ་གཡོག་པོ་མཛད། ཨ་ནེ་ཞིག་ཡོད་པས་ཉིན་དལ་མེད་དང་མཚན་གཉིད་མེད་དུ་ལས་གང་དཀའ་ལ་བཅོལ། ལྟོ་
79a
༄༅། །གོས་ཤིན་ཏུ་བཀྲེན་པར་བྱུང་ཀྱང་སྐུ་ན་ཆུང་བས་ཡ་མ་ཆ། དགུང་ལོ་བཅུ་ཙམ་ནས་བླ་མ་དགེ་གྲགས་གཅོད་ཀྱི་ནུས་པ་ཐོན་པ་སྦས་པའི་རྣལ་འབྱོར་ཞིག་ཡིནཔས། ནང་ནུབ་ཀུན་ཏུ་གཅོད་ཁྲིད་དང་དབང་ལུང་མན་ངག་སྐོར་རྣམས་ཞུས། ར་ལུག་བསྐྱང་བའི་ཞོར་དུ་སྔོན་འགྲོ་དང་སྒྲིབ་སྦྱོང་ཁོ་ན་ལ་བརྩོན་པར་མཛད། གཉན་དམིགས་རེ་མཛད་པས་རྟགས་ཐོན་པ་བྱུང་། ལོ་བཅོ་ལྔའི་དུས་བླ་མ་འདའ་ཁར་གཅོད་ཀྱི་སྙན་བརྒྱུད་པོ་ཏི་དང་ཌཱ་རྐང་རྣམས་གནང་ནས། འགྲོ་བ་ལ་ཕན་ཐོགས་པའི་ལུང་བསྟན་ཏེ་སྐུ་གཤེགས། དེའི་ཚེ་བླ་མའི་ཚ་བོ་ཞིག་ཡོད་པ་ན་རེ། ང་བླ་མའི་ཚ་བོ་ཡིན་མོད་ཁྱོད་ལ་གཅོད་ཊམ་དང་རྐང་གླིང་གཅོད་པོད་རྣམས་དབང་བའི་རྒྱུ་མཚན་ཅི་ཡོད། ཁྱོད་ཀྱིས་བརྐུས་པ་ཡིན་ཟེར་ཏེ་ཕྱིར་འཕྲོག་ཀྱང་རྒོལ་མ་ནུས། དེ་ནས་ལོ་གཅིག་ཙམ་དེ་གར་བཞུགས། ཉིན་ཅིག་ཕྱུགས་འཚོར་བྱོན་པའི་ཚེ་གློ་བུར་དུ་ཆར་དྲག་པོ་ཞིག་བབས། ཅི་ཞིག་ནས་ཆར་ཆད་ཅིང་ཉི་མ་ཤིན་ཏུ་དྲོ་བ་ཞིག་བྱུང་བས། ཤར་ཕྱོགས་ཀྱི་ནམ་མཁར་སྤྲིན་དཀར་པོ་ལང་ལོང་དུ་ལྡིང་བའི་སྣེར། པད་ཟླའི་གདན་ལ་སྐུ་ལྟ་བའི་ཆོག་མི་ཤེས་པའི་བླ་མ་གཞོན་ནུ་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ཕྱག་གཉིས་མཉམ་བཞག་དང་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པས་ཨུཏྤ་ལའི་སྡོང་བུ་མེ་ཏོག་གི་མཚན་པའི་དབུས་སུ་གླེགས་བམ་
79b
དང་རལ་གྲི་བཅས་བསྣམས་པ་ཞིག་མཇལ་བས། ཡིད་མོས་གུས་ཀྱིས་མཆི་མ་གཡོ་ཞིང་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བཙན་ཐབས་སུ་སྐྱེས། བླ་མ་འདི་སུ་ཞིག་ཡིན་སྙམ་ཙ་ན། རྣ་ལམ་དུ་བླ་མ་འདི་ཀཿཐོག་དགེ་རྩེ་སྤྲུལ་སྐུ་ཡིན་ཟེར་བའི་སྒྲ་གྲགས། བླ་མ་དེ་གང་དུ་བཞུགས་ཀྱང་སྲོག་དང་བསྡོས་ཏེ་འགྲོ་དགོས་དགོངས་ཏེ་དམ་བཅའ་མཛད། དེ་ནས་ཐམས་ཅད་ལ་བླ་མ་དགེ་སྤྲུལ་གར་བཞུགས་ཀྱི་ལོ་རྒྱུས་དྲིས་པས་བྲ་ལག་དགོན་དུ་བཞུགས་པ་ཐོས། སྐུ་ཆས་གང་ཡང་མེད་པར་ལམ་དུ་ཞུགས་ཏེ་བྱོན་པས། དགེ་རྩེའི་སློབ་མ་མདོ་ཤུལ་བླ་མ་རྒྱ་ནག་ཏུ་བྱོན་ནས་འཁོར་ཏེ་བླ་མ་མཇལ་དུ་འགྲོ་བ་དང་འཕྲད། དེའི་ཕྱག་ཕྱིར་འབྲངས་ཏེ་བྲ་ལག་བཤད་སྒྲུབ་མདོ་སྔགས་གླིང་དུ་འབྱོར་། མདོ་ཤུལ་བླ་མ་ཕྱག་རྟེན་བཟང་པོ་དང་བཅས་བླ་མ་མཇལ་དུ་ཕྱིན་པའི་རྗེས་སུ་སྙེགས་པས། མཇལ་དར་དུ་རས་དམར་སྦུབ་གཅིག་ཁྱེར་ནས་བླ་མའི་དྲུང་དུ་སླེབས། མདོ་ཤུལ་བླ་མ་མི་ཆེན་དང་དཔོན་ཆེན་ཡིན་པར་མ་ཟད་རྒྱ་ནག་ཏུ་ལོ་མང་སོང་ཞིང་། བླ་མ་ཡུན་རིང་དུ་མ་མཇལ་བའི་ཡུས་ཀྱིས་འབོལ་གདན་དང་ཐུགས་བརྩེའི་རེ་བ་ཡོད་ཀྱང་། དེར་མ་གཟིགས་པར་བླ་མས་རང་ལ་སྤྱན་ཆེར་གཟིགས་ཏེ། ཨེ་ཨེ་རི་རྡོ་ཐང་དུ་ལྷུང་བ་རྗེ་བཙུན་དམ་པ་སངས་རྒྱས་འབྱོན་བྱུང་གདན་བཏིང་གསུངས་པས། གསོལ་དཔོན་གྱིས་འབོལ་གདན་གཉིས་བརྩེགས་ཏེ་
80a
༄༅། །དེར་བཞུགས་གསུངས། ན་བཟའ་ངན་པས་གདན་ཐོག་ཏུ་ངོ་ཚ་བྱུང་ཀྱང་བླ་མའི་གསུང་བཅག་ན་མི་རུང་སྙམ་ནས་བསྡད། མདོ་ཤུལ་བླ་མ་ཅུང་ཟད་མི་དགའ་བའི་རྣམ་འགྱུར་མཛད། རྗེ་ཉིད་ཀྱིས། བླ་མ་ལགས། རང་འཁོར་བ་ལས་གྲོལ་ཞིང་གཞན་ལ་ཕན་ཐོགས་པའི་གདམས་ངག་ཟབ་མོ་ཞིག་ཞུ་ཞུས་པས། བླ་མའི་ཞལ་ལས། དང་པོ་བདག་ཉམས་ཆག་ཆེ་བས་དྲི་མེད་བཤགས་རྒྱུད་འབུམ་ཐེར་བཀླག་པར་མཛོད་དང་མཐུན་རྐྱེན་ང་རང་གིས་བསྒྲུབ་པས་ཆོག །དེ་ནས་གདམ་ངག་གང་དགོས་གནང་གསུང་པས་བཀའ་བཞིན་དུ་བསྒྲུབ། དབང་ལུང་ཁྲིད་སོགས་ཟབ་རྒྱས་མང་དུ་ཐོབ། ལོ་གཅིག་ཙམ་སོང་བ་དང་དགེ་སྤྲུལ་ཀཿཐོག་ལ་བྱོན་དུས། ཡུལ་དགོན་སྤྱིའི་ཆིབས་སྐྱེལ་ལམ་ཞག་ཏུ་སོང་བས་དགེ་སྤྲུལ་གྱིས་བླ་མ་རྩད་བཅད་པར་མཛད་པ་ལ་འདིར་མི་འདུག་དགོན་པར་སྡོད་ཡོད་ཞུས་པས། རྟ་ཁྲིད་ནས་འབོད་པར་སོང་གསུངས། དེ་ལྟར་བྱས་ཏེ་བླ་མའི་དྲུང་དུ་ཕྱིན་པས། ཡུལ་དགོན་གྱི་བླ་དཔོན་ཆོས་ཁྲིམས་སོགས་སུ་ལའང་ཞལ་བཀོད་གང་ཡང་མཛད་པར། བླ་མ་ཁྱོད་ཀྱིས་ངའི་དགོན་པ་འདི་ལ་ཐུགས་རྗེས་གཟིགས་ཏེ། ཐག་རིང་མ་བྱོན་པར་ཟླ་ཁོག་རང་དུ་བཞུགས་དགོས་ཀྱི་བཀའ་ཞིབ་རྒྱས་སུ་ཕེབས། ཡུལ་མི་རྣམས་ཅུང་མ་འཐད་ཀྱང་བླ་མའི་བཀའ་ཡིན་པས་བྱ་ཐབས་ཟད། དེ་ནས་
80b
དཔོན་སློབ་རྣམས་སོ་སོར་གྱེས་ཏེ་ཚུར་བྱོན་འབྲི་ཕུག་ཏུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ཅིང་བཞུགས་པས། ཅི་ཞིག་ནས་སྒྲུབ་འབྲས་མངོན་དུ་གྱུར་ཏེ་སློབ་མ་རེ་གཉིས་བསྡུ་བའི་འགོ་ཚུགས། དེ་ལ་གཞན་དག་ཕྲག་དོག་པའི་རྐྱེན་གྱིས་རྫོགས་ཆེན་གངས་ཁྲོད་དུ་བྱོན་ཏེ་ལོ་གཉིས་ཙམ་བཞུགས། ལྷོང་འཚུབ་ཀྱི་རྣམ་པ་ལྟ་བུར་བྲག་ཕུག་གི་ཐོག་ནས་རྡོ་ཆེན་པོ་ལུག་རོ་ཙམ་ཞིག་ལྷུང་ནས་ཕྱག་དྲིལ་ལ་ཐེབས་པས། དྲིལ་བུའི་རྩེ་རྡོ་ལ་སོར་གསུམ་ཙམ་ཟུག་སྟེ་དྲིལ་བུར་སྐྱོན་མེད་དུ་འདུག །དེང་སྐབས་སུ་དགེ་མང་གཞན་ཕན་མཐའ་ཡས་དང་གླིང་རྗེ་དྲུང་རྣམ་གཉིས་སར་བྱོན་ནས་གཅོད་སྐོར་སོགས་དབང་ལུང་ཁ་ཤས་གསན། སླར་ཟླ་ཁོག་ནས་གདན་འདྲེན་བྱུང་བས་དེར་ཕེབས། ཞག་བདུན་གྱི་འཚོ་ཆས་ཙམ་མ་གཏོགས་ནོར་རྫས་མི་འཛིན་པའི་དམ་བཅའ་མཛད། ངག་བཅད་ཁོ་ནའི་སྒྲུབ་པ་ལ་བརྩོན་པར་མཛད་པས། རྡོ་རྗེ་རྣལ་འབྱོར་མ་དང་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་གཟིགས་ཤིང་། ལུང་བསྟན་དང་མན་ངག་དག་སྣང་གི་སྐོར་བསམ་གྱིས་མི་ཁྱབ་པ་བྱུང་། ཡུལ་དེའི་བླ་སྤྲུལ་དང་ཁྱད་པར་ཕྱོགས་ནས་ཀྱང་བུ་སློབ་བགྲང་ལས་འདས་པ་བྱུང་། དེ་དག་ཐམས་ཅད་ལ་བསྡུ་དངོས་བཞིའི་སྒོ་ནས་ཕན་གདགས་པར་མཛད། མི་ཚེ་ལ་ཚང་བཙུགས་ནས་སྒྲུབ་པ་དང་འགྲོ་ཕན་གྱི་བྱ་བ་མ་གཏོགས་རང་འདོད་ཁོག་ཚངས་གྱི་བྱ་བ་གཏིང་ནས་སྤངས།
81a
༄༅། །བྲ་ལག་འདུ་ཁང་དང་མཆོད་རྟེན་ཆེན་མོ་ཉམས་རལ་ཆེ་བར་བརྟེན་ནས་ཕྱག་རྫས་ཕྲན་བུ་གཉེར་ཏེ་ཞིག་གསོ་ཕུན་སུམ་ཚོགས་པར་མཛད། དག་སྣང་དང་སྐལ་ལྡན་བུ་ཆེན་རྣམས་ཀྱིས་ཞུས་པའི་གསུང་འབུམ་ཡང་པོད་གསུམ་ཙམ་ཡོད་ཅིང་། མདོར་ན་ཞེ་ཆེན་མཐུ་སྟོབས་རྣམ་རྒྱལ་སོགས་བླ་མ་མཁས་གྲུབ་དུ་མ་དང་། མར་ཟུར་རྩེ་ཚང་སོགས་མི་དཔོན་དྲེགས་པ་ཅན་རྣམས་ཀྱིས་བཏུད་ས་དང་། ཉམ་ཐག་མུ་སྟོ་བ་ཡན་གྱི་སྐྱབས་གནས་སུ་གྱུར་པ་ཡིན་ནོ། །ཟླ་སྟོད་ཐོ་སི་ཞེས་པའི་གནས་སྒོ་ཕྱིས་ཏེ་བཛྲ་ཀུ་མ་རའི་སྐུ་དང་། དམ་པ་སངས་རྒྱས་ཀྱི་ཕྱག་ཞབས་ཌཱ་རུ་རྐང་གླིང་གི་རྗེས་དང་། ཡི་གེ་ངོ་མཚར་ཅན་དུ་མ་དང་། སྔོན་ཆད་མིས་མཐོང་ཐོས་མེད་པ་ཕུག་པ་ཐོག་གསུམ་ལྷག་ཙམ་ལྷ་སྐུ་དུ་མས་བཀྲ་བ་གནས་སྒོ་ཕྱེས་སྟེ། དེར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་གཞི་བདག་རྡོ་རྗེ་དྲེའུ་དཀར་སོགས་སྣང་སྲིད་སྡེ་བརྒྱད་མང་པོ་ལ་ཆོས་གསུངས། ནག་ཕྱོགས་ཀྱི་ལྷ་སྲིན་མ་རུངས་པ་རྣམས་དམ་ལ་བཏགས་པར་མཛད། དེ་ནས་རེ་ཞིག་ཙ་ན། བླ་མའི་ཞལ་ནས། ད་རེས་དགུན་འདིར་སྔར་མ་འཆད་པའི་ཆོས་ངོ་མཚར་བ་ཞིག་སྟོན་རྒྱུ་ཡོད་པས། ཕྱོགས་ཀྱི་སློབ་མ་ཐམས་ཅད་བྲ་ལག་དགོན་དུ་འདུས་པའི་ཡི་གེས་ཁྱབ་པར་གྱིས་ཤིག་གསུངས་ཏེ། དེ་ནས་བྲ་ལག་དགོན་དུ་ཕེབས་པའི་
81b
འབྱོན་ལམ་དུ་འབྱུང་བ་འཁྲུགས་པའི་ཚུལ་བསྟན། འབྲི་ཕུག་ཏུ་ཕྱག་ཕེབས་པའི་ཚེ་སློབ་མ་རྣམས་ཀྱི་ཁྱེད་ཀྱིས་སྔར་མ་འཆད་པའི་ཆོས་ཡོད་གསུང་ན། ད་ཞབས་པད་བརྟན་ནས་གསུང་བར་ཞུ་ཞུས་པས། བླ་མའི་ཞལ་ནས་ང་ལ་མི་རྟག་པ་ལས་ལྷག་པའི་ཆོས་ཞིག་མེད། འདི་ངས་སྔར་མ་བསྟན་པ་ཡིན་པས་ཀུན་གྱིས་གོ་བར་གྱིས་ཤིག་གསུངས་ནས། དགུན་ཟླ་དང་པོའི་ཚེས་བཅོ་ལྔ་ལ་སྐུ་གཅེར་བུར་ཕྱུང་ཞིང་གསུངས་ནས་ཕཊ་སྒྲ་དྲག་པོ་གསུམ་མཛད་པའི་མཐར་ཐུགས་ཆོས་དབྱིངས་སུ་གཤེགས་པར་གྱུར་ཏོ། །དེ་ནས་བུ་སློབ་རྣམས་ཀྱིས་སྐུ་གདུང་ཞུགས་ལ་ཕུལ་ཏེ། རིང་བསྲེལ་གྱི་གོང་བུར་བཅས་པ་རྣམས་གསེར་ཟངས་ལས་གྲུབ་པའི་མཆོད་རྟེན་ཀཿཐོག་སི་ཏུ་རིན་པོ་ཆེས་བཞེངས། གཟུངས་ཆེན་སྡེ་ལྔ་སོགས་ཆོས་སྐུའི་རིང་བསྲེལ་ཐམས་ཅད་གོང་མའི་ཕྱག་བཞེས་ལྟར་དར་མ་སེངྒེས་བགྱིས་ཏེ། དགེ་དབོན་རིན་པོ་ཆེ་སོགས་འདུས་པ་རྒྱ་མཚོས་རབ་གནས་བརྟན་བཞུགས་ཕུན་སུམ་ཚོགས་པར་གྲུབ་པ་ལགས་སོ། །རྣམ་ཐར་རྒྱས་པ་འདས་ཆོས་བླ་མས་མཛད་པ་སོགས་ལས་ཤེས་ཤིང་། འདི་ནི་མདོར་བསྡུས་ཙམ་མོ། །གཙོ་བོར་གཅོད་ཀྱི་སྨིན་ཁྲིད་སོགས་རྗེ་བླ་མ་རྣམ་གཉིས་ཀྱིས་བཀའ་དྲིན་དུ་བསྩལ་བ་ལགས་ཤིང་། གཞན་ཁ་ཐོར་ནི་ས་དགེ་རྙིང་གསུམ་གྱི་ཡོངས་འཛིན་དུ་མ་ལས་ཐོབ་ཀྱང་རྣམ་ཐར་སྒྲོགས་པའི་སྐབས་མ་
82a