ཞི་བྱེད་ཆོས་འབྱུང་།
དམ་པའི་མཛད་པ་ངོ་མཚར་བའི་ཚུལ་ཆ་བསྟན་པ།
Previous Chapter
(དམ་པའི་མཛད་པ་ངོ་མཚར་བའི་ཚུལ་ཆ་བསྟན་པ།)
དམ་པ་འདི་ཉིད་ཀྱི་འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་བེ་ད་ལིའི་ཡུལ་འཁོར་དུ་གྱུར་པ་ཙ་ར་སིངྒ་། དེའི་བྱེ་བྲག་ཁྲོན་པའི་གླིང་ཞེས་པ་སྐྱེ་བོ་དད་པ་ཅན་མང་པོ་གནས་པའི་དབུས་སུ། ཡབ་ནོར་བུ་རིན་པོ་ཆེ་ལེན་པའི་རིགས་ཅན་བརྩོན་འགྲུས་གོ་ཆ་དང་། ཡུམ་དཀོན་མཆོག་མཆོད་པ་ལ་བརྩོན་ཞིང་སྤོས་སྦྱོར་ལ་མཁས་པའི་རིགས་པ་ར་ས་ཧ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་
84a
༄༅། །ངོ་མཚར་བའི་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། བལྟམས་པའི་ཚེ་མཚན་དང་ལྡན་པ་བྱུང་བས་བྲམ་ཟེ་མཚན་མཁན་ལ་བརྟག་ཏུ་བཅུག་པ་ལས། མཚན་མཁན་ན་རེ། འདི་ནི་པཎྜི་ཏའམ་རྣལ་འབྱོར་པ་གང་བྱས་ཀྱང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ལ་མངའ་དབང་འབྱོར་ཞིང་མཆོག་ཏུ་འགྱུར་བ་ལུང་བསྟན། སྐྱེ་བ་བདུན་པ་ཡིན་པས་སྡིག་པའི་དྲིས་མ་གོས་ཤིང་དགེ་བར་ངང་གིས་འཇུག་པ་དང་། ཆུང་ངུ་ནས་སྒྲ་རིག་སོགས་རིག་གནས་མཐའ་དག་ལ་མཁས་པའི་རྩེ་མོར་སོན། དེ་ནས་བི་ཀྲ་མ་ཤཱི་ལར་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་སྟེ་ཆོས་འདུལ་བ་ལ་མཁས་པར་སྦྱངས། བླ་མ་གསེར་གླིང་པ་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་བླངས་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་གནས་ཤིང་། གྲུབ་པའི་སློབ་དཔོན་དུ་མ་ལས་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་དཔག་ཏུ་མེད་པ་ཞུས་ཏེ། རིག་པ་འཛིན་པའི་དམ་ཚིག་ལས་མི་འདའ་བས་གསུམ་ལྡན་གྱི་རྡོ་རྗེ་འཛིན་པར་གྱུར། དེ་ནས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལས་གདམ་ངག་ཟབ་མོ་མཐའ་དག་གསན་ཅིང་དགོངས་པར་མཛད། དེ་ཡང་མཚན་ཉིད་སྒྲའི་བླ་མ་བཅུ་གཅིག་ནི། ཀླུ་གྲུབ་ནས་གསེར་གླིང་པ་ཡན་ཆད་དོ། །ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག་ནི། ངག་གི་དབང་ཕྱུག་ནས་པདྨ་བཛྲ་ཡན་
84b