ཞི་བྱེད་ཆོས་འབྱུང་།
བོད་འདིར་གཞན་དོན་ཇི་ལྟར་མཛད་པའི་ཚུལ།
Previous Chapter
Next Chapter

(བོད་འདིར་གཞན་དོན་ཇི་ལྟར་མཛད་པའི་ཚུལ།)

དེ་ནས་བོད་འདིར་གཞན་དོན་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་བོད་འདིར་ལན་ལྔ་བྱོན་པའི་དང་པོ་འབྲི་ཐང་ལས་སྒོ་ནས་ཙ་རིར་བྱོན་ནས་རེ་མ་ཏིར་རྐང་མགྱོགས་ཞུས་

85a

༄༅།       །ཏེ། ཀོང་ཡུལ་དང་སོམ་ཡུལ་བརྒྱུད་དེ་སྨད་མདོ་ཁམས་ཐམས་ཅད་ཞབས་ཀྱིས་བཅགས། དེ་དུས་ཆོས་སྦྱིན་པའི་སྣོད་མེད་ཀྱང་ཕྱིས་བསྟན་པ་དར་བའི་ལུང་བསྟན་མཛད། གཉིས་པ་ནི་ཁ་ཆེའི་ཡུལ་བརྒྱུད་མངའ་རིས་ཕྱོགས་སུ་བྱོན་ནས་ཞིང་ཞུང་གླིང་ཁ་བ་དང་། དབོན་པོ་ཁྲ་ཚང་། འབྲུག་བླ་མ་སོགས་ལ་གདམས་པ་འགའ་རེ་གནང་། གསུམ་པ་ནི་བལ་པོ་ནས་ཚོང་པ་དང་འགྲོགས་ཏེ་བྱོན་ཡར་ཀླུངས་ཀྱི་སྨ་ར་སེར་བོ་དང་མཇལ། དེ་དང་འགྲོགས་ཏེ་གཙང་དུ་བྱོན་ནས་སྐྱོ་བསོད་ནམས་བླ་མ་དང་སྨ་ར་སེར་པོ་རྣམས་ལ་གཅོད་ཀྱི་གདམས་པ་གནང་། དེ་རྗེས་མ་ཅིག་ལ་སོགས་པ་རྣམས་ལའང་གཅོད་ཕྱོགས་གནང་། བཞི་པ་ནི་ཤ་འུག་སྟག་སྒོ་ལ་བྱོན་ནས་གཉལ་དུ་ཡུམ་གྱི་སྒྲིབ་སྦྱོང་མཛད་པར་བཞུགས། དེ་ནས་དབུས་སུ་ཕེབས་ཏེ་སྐམ་ལ་སོགས་པའི་དོན་མཛད། ལྔ་པ་ནི་རྒྱ་ནག་ཏུ་བྱོན་ནས་ལོ་བཅུ་གཉིས་བཞུགས། སླར་དེང་རིར་ཕེབས་པ་ལགས། སྤྱིར་དམ་པ་རིན་པོ་ཆེས་བོད་དུ་གདུལ་བྱ་ཐར་ལམ་ལ་ཇི་ལྟར་བཀོད་པ་ནི། ཀུན་དགས་དམ་པ་རིན་པོ་ཆེར། བོད་ན་གདམས་པ་བཏབ་པའི་སློབ་མ་ཇི་ཙམ་མཆིས་ཞུས་པས། དམ་པའི་ཞལ་ནས། དིང་རིའི་ཐད་ཀའི་སྐར་མ་ཡ་གིའི་གྲངས་ཁྱོད་ཀྱིས་ཆོད་དམ་གསུངས། དེང་རི་གནམ་རྒྱ་ཆེ་བས་གྲངས་བཟུང་དཀའ་ཞིང་། ཐར་

85b

ལམ་ལ་བཀོད་པའང་ཀུན་ལ་གྲགས་པའི་བརྒྱུད་པ་འཛིན་པ་མ་བྱུང་བས། སྐྱེ་བོ་རྣམས་ཀྱིས་ཤེས་པ་ཡང་དཀའ་མོད། དེ་ལྟ་ནའང་སློབ་མ་བསམ་གྱིས་མི་ཁྱབ་པས་གདམས་པ་ཡང་དེར་ཟད་དོ། །འོན་ཀྱང་དེང་སང་གྲགས་ཆེ་བའི་བརྒྱུད་པ་ནི་སྔ་ཕྱི་བར་གསུམ་དུ་བཞུགས་པ་ལས། བརྒྱུད་པ་དང་པོ་ནི། དམ་པ་རིན་ཆེས་ཁ་ཆེ་ཛྙ་ན་གུ་ཧྱ་ལ་གནང་ཞིང་། བརྒྱུད་པའི་བཀའ་བབས་བར་བ་ལ་རྨ་སོ་སྐམ་གསུམ་ལས། དང་པོ་རྨ་ནི། ཡར་སྟོད་སྐྱེས་སྣར་རྨ་སྨོན་ལམ་གྱི་སྲས་སུ་ཤིང་མོ་ལུག་ལ་སྐུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱང་སྟེ་མཚན་ཆོས་ཀྱི་ཤེས་རབ་ཏུ་བཏགས། ཡབ་ལས་པདྨ་དབང་ཆེན་གསན། དེ་ནས་གཅོད་ཕྱོགས་དང་། དབུ་མ་དང་། དོ་ཧ་སྟོང་ལུགས་དང་། གྲུབ་སྙིང་རྣམས་གསན། བཅུ་དགུ་ནས་དམ་པ་དང་མཇལ་ཏེ་རྗེས་སུ་བཟུངས། གཉིས་པ་སོ་ནི། ཡུལ་ར་མོ་བ་དེར་ལོ་ཉེས་བྱུང་ནས་བཟའ་མི་རྣམས་སྤྲང་དུ་འོངས། བུ་སྤུན་གཉིས་ཡོད་པའི་ཕོ་བོ་ལ་སོ་ཆུང་ཟེར་བ་དེ་ཡར་སྟོད་སྐྱེར་སྣར་སྤྲང་དུས། རྨ་སྒོམ་གྱིས་ལྟོ་གོས་བསྐྱངས་ཏེ་ཆོས་སྒོར་བཅུག །མིང་དགེ་འདུན་འབར་དུ་བཏགས། སླར་དམ་པ་དང་མཇལ་བས་དམ་པའི་ཞལ་ནས། ཁྱེད་སྐྱེ་བ་གསུམ་དུ་ངའི་སློབ་མར་གྱུར་པ་ཡིན། ད་ངའི་རྗེས་སུ་འགྲོ་གསུངས་ནས་གདམས་པ་གནང་། གསུམ་པ་སྐམ་ནི། དགེ་བཤེས་གྲ་པའི་སློབ་མ་ཡིན་

86a

༄༅།       །རྟེན་དགེ་སློང་དུ་བཞུགས་ཤིང་། མཚན་ཡེ་ཤེས་རྒྱལ་མཚན་དུ་བཏགས། ཁམས་སྒོམ་ཚུལ་ཁྲིམས་རྒྱན་ཞེས་པ་གྲ་པའི་སློབ་མ་ཞིག་དང་འགྲོགས་ཏེ། དགེ་བཤེས་གྲྭ་པའི་ཞབས་ཕྱི་ཡོན་བདག་ཅིག་གི་སར་བྱོན། དེར་ནད་གདོན་གྱིས་ཟིན་པ་ཞིག་ལ་གྲ་པས་ཕྱག་རྡོར་གྱི་དབང་ཞིག་མཛད། སློབ་མ་གཉིས་ཀྱིས་སྦྱིན་བསྲེགས་བྱས་པས། གདོན་ཁྲོས་ཏེ་སྐམ་སྒོམ་སྐྲན་གྱིས་ཟིན། ཁམས་སྒོམ་དམུ་ཆུས་ཟིན་ཅིང་ཕྱིས་མཛེས་ཁྱེར་བ་ལས། ཇི་ཞིག་ནས་དམ་པ་དང་མཇལ་ཏེ་ཤེར་ཕྱིན་གྱི་གདམས་པ་བཏབ་པས་ནད་ལས་གྲོལ། མཆེད་པོ་སྐམ་ལ་འདི་ན་རྒྱ་གར་གྱི་བླ་མ་ངོ་མཚར་ཅན་ཞིག་འདུག །ངའི་ནད་ཀྱང་དྲག་ཁྱེད་རང་ཡང་ཞུས་ཤིག །ཅེས་སྐམ་ལ་འཕྲིན་བསྐུར་བས་སྐམ་དམ་པའི་དྲུང་དུ་ཕྱིན་པས་དམ་པ་རིན་པོ་ཆེས་རྗེས་སུ་གཟུངས། བར་དུ་བྱུང་བའི་བརྒྱུད་པ་ཕྲན་དང་ཐོར་བུ་གྲ་པ་དང་། ལྕེ་དང་འགྲོ་སྒོམ། མ་ཅིག་ལབ་སྒྲོན་སོགས་འབྱུང་ངོ་། །བཀའ་བབས་ཕྱི་མ་ནི། དམ་པ་རིན་པོ་ཆེ་རྒྱ་ནག་ནས་དིང་རིར་མེ་མོ་གླང་གི་ལོར་ཕེབས་ནས། གདམས་པའི་ཆོས་སྒོ་བསམ་གྱིས་མི་ཁྱབ་པར་བསྟན་པའི་སློབ་མའི་གཙོ་བོ་སྒོ་བའི་རྣལ་འབྱོར་བཞི་ནི། ཤར་ན་དམ་པ་ཕྱར་ཆེན། ལྷོ་ན་བཛྲ་ཀྲོ་དྷ། ནུབ་ན་ཕྱར་ཆུང་། བྱང་ན་བྱང་ཆུབ་སེམས་དཔལ་ཀུན་དགའ་དང་། གཞན་ཡང་སློབ་མ་བསམ་གྱིས་མི་ཁྱབ་ཅིང་། དེ་རྣམས་ལ་གདམས་

86b

པ་ཡང་རྒྱུད་གཅིག་ཏུ་བགྲང་དུ་མེད་དེ། སོ་སོ་ལ་རྒྱུད་སྡེ་མི་འདྲ་བ་གསུངས་པ་ལས་འདི་ནི་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་ཡིན། ཀུན་དགའ་ནི་སྐྱེ་བ་ལྔའི་བར་དུ་དམ་པས་རྗེས་སུ་བཟུང་ཞིང་། ཚེ་འདིར་དིང་རིའི་ཤར་ཕྱོགས་ཀྱི་ཚ་གུང་དུ་ཡབ་སྟོན་པ་ཁྲི་བཟང་དང་། ཡུམ་ཇོ་མོ་དར་མ་གཉིས་ཀྲི་སྲས་སུ་ཆུ་ཕོ་སྟག་ལ་འཁྲུངས། མིང་སྟོང་ཆུང་འབུམ་མེ་བྱ་བར་བཏགས། ང་ཀུན་དགའ་ཡིན་ཟེར་བས་ཀུན་དགར་ཆགས་ཤིང་། དེ་ནས་ཁྱིམ་ཐབ་དུ་ཇོ་མོ་སྐྱ་མོ་བཟའ་བླངས་ཏེ་སྲས་འོད་སྲུང་འཁྲུངས། འཇིག་རྟེན་གྱི་བྱ་བ་བཏང་སྙོམས་སུ་བཞག་པར་མཛད་པས་ཇོ་མོ་དང་སྲས་གཉིས་ནོམ་པ་ཅུང་ཟད་སྲབ་པར་གྱུར། དེ་ནས་དགུང་ལོ་སུམ་ཅུ་སོ་དགུ་བཞེས་པའི་དུས་དམ་པ་གླང་འཁོར་དུ་ཕེབས་ནས་ལོ་གསུམ་སོང་བ་ལྕགས་འཕྲུག་ལོར་ཡུམ་ལ་རྫུན་བྱས་ཏེ། གཉའ་ལམ་ལ་ཁར་ཇག་ལ་འགྲོ་བ་སྐད་བྱས་ནས་གླང་འཁོར་དུ་དམ་པའི་དྲུང་དུ་བྱོན། དམ་པས་གངས་སྟོད་ཀྱི་དགོན་པ་རྣམས་ལ་ནངས་ཞོགས་དཔའ་བོ་རྡོ་རྗེ་འབྱོན་པ་འདུག་པས། ཁྱེད་རྣམས་ཐམས་ཅད་ཀྱིས་བསུ་བའི་གྲབས་གྱིས་ཤིག་གསུངས། དེར་ཐམས་ཅད་ཀྱིས་མཆོད་པའི་བྱེ་བྲག་མང་པོ་ཐོགས་ཏེ་ཕྱོགས་ཐམས་ཅད་དུ་བྱ་ར་བྱས་པས་སུ་ཡང་མ་བྱུང་། ཉིན་ཕྱེད་ཡོལ་ཙམ་ནས་མི་རོད་ངན་པ། དུག་པོ་ཧྲུལ་པོ་གྱོན་པ་རྒྱགས་ཕྱེ་ཅུང་ཟད་ཅིག་ཁུར་ནས་བྱུང་

87a

༄༅།       །བས་ཐམས་ཅད་ཀྱིས་ཁྲེལ་གད་བྱེད་ཅིང་བསུས། དམ་པ་ཉིད་དགྱེས་ཚོར་གྱིས་གདོང་བསུ་མཛད་ནས་དཔའ་བོ་རྡོ་རྗེ་འདིར་འོངས་པ་ལགས་གསུངས་ནས་རྗེས་སུ་བཟུངས་དམ་པ་ཀུན་དགའི་གདམས་པ་ཐམས་ཅད་པ་ཚ་བ་སྒོམ་པ་ལ་གཏད་ཅིང་། དེས་རྒྱལ་བ་ཏེ་ནེ་རོག་བན་སྐུ་མཆེད་རྣམས་དང་། མཆུས་དར་བརྩོན་ནས་བརྩོན་འགྲུས་སེངྒེ། རོག་ཤེས་རབ་འོད་ལ་བརྒྱུད་པ་ཐམས་ཅད་འདུས་ཏེ། དེ་ཡང་སློབ་དཔོན་པདྨའི་དངོས་སློབ་རོག་བན་ནམ་མཁའ་ཡེ་ཤེས་ཞེས་བྱ་བ་ཡང་ཕུར་གྲུབ་ཐོབ་ཀྱི་བརྒྱུད་པར་རོག་བཀྲ་ཤིས་གྲགས་དང་། རོག་ཤེས་རབ་འོད། ཞིག་པོ་ཉི་མ་སེངྒེ། མཁས་པ་སྨྲ་བའི་སེངྒེ་སོགས་མདོ་སྔགས་ཐམས་ཅད་ལ་མཁས་གྲུབ་གཉིས་ལྡན་དུ་གྱུར་ནས་བརྒྱུད་པ་ཕྱི་མར་གྲགས་པ་ཡིན། དམ་པ་རིན་པོ་ཆེ་རྒྱ་བོད་གཉིས་བསྡོམས་པར་ལོ་ལྔ་བརྒྱ་དང་སུམ་ཅུ་བཞུགས་ཏེ། མཐར་དིང་རིར་བཞུགས་པའི་སྐབས་ཤིག་ཏུ་ཞལ་ནས། སང་ཕོད་ད་ཚོད་ལ་དིང་རི་འདིར་ཨ་ཙ་རའི་རོ་གཅིག་འབྱུང་གསུངས། ཕྱི་ལོའི་དུས་སྐབས་དེར་ཕེབས་པ་དང་སྙུན་བཞེས་པའི་ཚུལ་བསྟན་པའི་ཚེ། བུ་སློབ་ཀུན་འདུས་པའི་ནང་ནས་དམ་པ་ཀུན་དགའ་ན་རེ། དམ་པ་རིན་པོ་ཆེ་སྙུང་བ་མ་ལགས་སམ་ཞུས་པས། ང་ན་གསུངས། ཇི་ལྟར་

87b

སྙུང་གིན་གདའ་ཞུས་པས། དོན་དམ་ཆོས་ཉིད་ཀྱི་སྙུང་ཚུལ་སོགས་གསུངས་པས། ཀུན་དགའ་ན་རེ། དམ་པ་མི་བཞུགས་ན་ངེད་བུ་སློབ་རྣམས་ཇི་ལྟར་བགྱི་ཞུས་པས། ང་དང་ཁྱེད་ལ་འདུ་བྲལ་མེད་ཀྱི་སླར་ལོག་ནས་མཚམས་སྡོམ་ཤིག་གསུངས། ཀུན་དགའ་ཇི་གསུང་བཞིན་དུ་སླར་མཚམས་ཁང་ལ་ཕྱིན་པའི་ཚེ། དམ་པ་རིན་པོ་ཆེ་ཀུན་དགའི་མཚམས་ཁང་དུ་བཞུགས་འདུག་པ་དང་མཇལ། དེ་ནས་ཞག་བདུན་གྱི་བར་དེ་ཉིད་དུ་བཞུགས་པའི་སྣང་བ་བྱུང་གདའ། གཞན་ཡང་བུ་སློབ་སོ་སོས་སྙུན་དྲིས་པའི་ཚེ་བུ་བརྒྱད་ཅུ་སོགས་ཀུན་ལ་ཞལ་གདམས་རེ་རེ་གསུང་ཞིང་། དིང་རི་བ་རྣམས་ལ་དིང་རི་བརྒྱད་ཅུའི་ཞལ་གདམས་གསུངས་པའི་མཐར། གནས་ཡུལ་ཞིང་སྐྱོང་གི་ཌཱཀྐི་ནི་དུ་མའི་བསུ་བ་དང་བཅས་ཏེ་དག་པ་མཁའ་སྤྱོད་དུ་གཤེགས་པར་གྱུར་ཏོ། །དེ་ནས་བུ་སློབ་རྣམས་ཀྱིས་ཀུན་དགའ་ལ་བླ་མ་མཁའ་སྤྱོད་དུ་གཤེགས་སོང་པས། ཁྱེད་མཚམས་གྲོལ་ནས་གདུང་ཆས་མཛད་དགོས་ཞུས་པས། བླ་མ་ང་རང་གི་སར་བཞུགས་ཡོད་མཁའ་སྤྱོད་དུ་ག་ལ་གཤེགས་གསུངས་ཏེ། རྟེན་འབྲེལ་ཁང་བར་བྱོན་པས་སྐུ་གདུང་བཞུགས་པ་གཟིགས་ཏེ་ཐུགས་ཡིད་ཆད། སླར་རང་གི་མཚམས་ཁང་དུ་བྱོན་པས་སྤྲུལ་པའི་དམ་པའང་བཞུགས་མི་གདའ་བས། དེ་ནས་མཁའ་སྤྱོད་དུ་གཤེགས་པར་ཐག་བཅད་དེ་གདུང་ཆས་རྣམས་བསྐྱང་བར་མཛད་

88a

༄༅།       །དོ༑ །