(དང་པོ། དམ་པའི་ཆོས་ལ་ཐེག་པ་གཉིས་སུ་དབྱེ།)
མདོ་སྡེའི་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་ཞེས་པས་གསུང་རབ་ཐམས་ཅད་མདོ་སྡེ་འདུལ་བ་མངོན་པ་གསུམ་དུ་འདུས་ལ། དེ་ལ་གསང་སྔགས་ནི་ཤཱནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེའོ་ཞེས་གསུངས་པས་མདོ་སྡེའི་སྡེ་སྣོད་དུ་བཤད། དཔུང་བཟངས་ལས་ཀྱང་གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན་ཞེས་པ་དང་། དེ་ཉིད་བསྡུས་པ་ལས་ཀྱང་མདོ་སྡེ་འདི་ནི་ལེགས་པར་བཤད་ཅེས་སོ། །ཤྲདྡྷཱས་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་བཞི་པར་བཤད་དེ། དཔུང་བཟངས་ལས། གསང་སྔགས་རིག་སྔགས་རྣམ་པ་མང་པོ་དག །ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་
ཕྱིར། །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བའི་གསུངས་ཞེས་པ་དང་མཐུན་ནོ། །ཨ་བྷ་ཡས། སྡེ་སྣོད་གསུམ་གའི་དོན་ཆ་ལྡན་དུ་སྟོན་པས་གསུམ་ཀའི་ཆར་གཏོགས་པར་འདོད་དོ། །ཡང་སྡེ་སྣོད་ཐམས་ཅད་བསྡུ་ན། དབང་པོ་རྟུལ་པོ་དམན་པ་ལ་མོས་པ་ལ་དམན་པའི་སྡེ་སྣོད། དབང་པོ་རྣོན་པོ་རྒྱ་ཆེན་པོ་ལ་མོས་པ་ལ་རྒྱ་ཆེ་བའི་སྡེ་སྣོད་དང་གཉིས་སོ།། །།ཡང་ན་དབང་པོ་རྟུལ་པོ་རྒྱུ་ལ་མོས་པ་ལ་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་དང་། དབང་པོ་རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པ་ལ་འབྲས་བུ་ལམ་དུ་བྱེད་པ་་་་་་་་་འབྲས་བུ་སྔགས་ཀྱི་ཐེག་པ་དང་གཉིས་ཏེ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མི་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར་ཞེས་པས་སོ། །