བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
གཉིས་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་ཚུལ།
Previous Chapter
Next Chapter

(གཉིས་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་ཚུལ།)

གཉིས་པ་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་བས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །འདི་ལྟར་གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པ་ཡིན་

3a

༄༅།        །མོད་ཀྱི། འོན་ཀྱང་རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས། སྔགས་ཀྱི་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་གསུངས་ལ། དེའི་ཁྱད་པར་བཞིའི་དང་པོ་ནི་དེ་ཉིད་ལས། མཁས་པ་སྙིང་རྗེ་ཆེར་ལྡན་པ། །དཔྱད་དེ་ཐབས་ཀྱི་མཆོག་ལེན་ཅིང་། །ཐ་མལ་པའི་ཐབས་སྨད་ནས། །མི་འཕོ་བ་ཡི་གནས་ཐོབ་པོ་ཞེས་གསུངས་ཏེ། ཕར་ཕྱིན་ལ་སྤྱོད་པའི་བྱང་སེམས་རྣམ་ནི་སྦྱིན་སོགས་ལ་འཇུག་པ་ན། དེ་ཉིད་ལ་སྦྱིན་བྱ་དང་། སྦྱིན་བྱེད་དང་སྦྱིན་པ་པོའི་འབྲས་བུ་རྣམ་པར་དག་པའི་སྒོ་ནས་ཤེར་ཕྱིན་གནས་པར་འགྱུར་བས་ཤིན་ཏུ་མ་རྨོངས་ཀྱང་ཕྱིའི་སྦྱིན་སོགས་ལ་འཇུག་ཅིང་། དབང་པོ་རྣོ་བ་མ་ཡིན་པས་དུས་ཡུན་རིང་པོར་ཚོགས་རྫོགས་པར་བྱེད་དོ། །གསང་སྔགས་སྤྱོད་པའི་བྱང་སེམས་རྣམས་ནི་སྦྱིན་པའི་ཕར་ཕྱིན་སོགས་རྫོགས་པའི་ཐབས་གང་ཡིན་དཔྱད་པས་མགོ་སྟོང་བ་ལ་སོགས་པས་ཐམས་ཅད་ཀྱི་འདོད་པ་ཅིག་ཅར་རྫོགས་པར་བྱེད་མི་ནུས་པས་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པར་ཤེས་ནས། ཐབས་དེ་ལ་སྨད་ནས་ཐབས་ཀྱི་མཆོག་ཚོལ་ཏེ་དབང་ཐབས་ཤེས་ཀྱི་བདག་ཉིད་ཀྱི་ཏེང་ངེ་འཛིན་ལས་གཞན་མེད་པའི་ཕྱིར། ཐབས་མཁས་པས་མཐའ་ཡས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད་དེ། ཡུལ་མཐའ་ཡས་པ་ཉིད་ཀྱིས་ཐབས་ཤེས་རབ་ཀྱི་ཏིང་ངེ་འཛིན་རབ་ཏུ་རྟོགས་སོ། །ད་ནི་ཕྱོགས་ཆད་པ་མེད་པ་དང་རྒྱུན་མི་ཆད་པར་གོམས་པས་སྤངས་རྟོགས་མཐར་ཕྱིན་ནས་ཡིད་བཞིན་གྱི་ནོར་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་པ་

3b

ཡོངས་སུ་རྫོགས་པར་བྱེད་པས་ཐ་མལ་པའི་མགོ་བོ་སྦྱིན་པ་སོགས་ལས་ཐབས་མཆོག་ཏུ་གྱུར་པས་སྦྱིན་པའི་ཕར་ཕྱིན་རྫོགས་པ་ཡིན་ནོ། །དེ་ཉིད་ནི་སེམས་ཅན་དོན་བྱེད་ལ་སོགས་པའི་ཚུལ་ཁྲིམས་གསུམ་དང་། སྤྲུལ་པའི་ཚོགས་ཀྱིས་སྲོག་ཆགས་ལ་ཕན་འདོགས་ཤིང་གཞན་གྱིས་གནོད་པ་བྱས་པ་བཟོད་པ་བཟོད་པའི་དང་། དོན་དང་དགོས་པ་ཐམས་ཅད་ཅིག་ཅར་ཐོབ་བྱེད་བརྩོན་འགྲུས་ཀྱི་དང་། བསམ་གཏན་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཐོབ་པས་བསམ་གཏན་གྱི་དང་། ཤེར་ཕྱིན་ཡང་འདི་རྫོགས་པས་རྫོགས་པར་འགྱུར་བའི་ཕྱིར་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་ལ། དེ་རྫོགས་པས་ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་འང་རྫོགས་པའི་ཕྱིར་ཐབས་ལ་མ་རྨོངས་པ་ཡིན་ནོ། ། 

གཉིས་པ་ནི། སེམས་ཅན་ཀུན་དོན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིའི་ཚུལ་གྱི་མཆོག །འགྲོ་བའི་སྟོན་པས་གསུངས་པ་་ཡིན་ཞེས་ཏེ། ཚུལ་གཞན་ལས་དཀའ་ཐུབ་དང་སྡོམ་པ་སོགས་མཐོ་རིས་དང་ཐར་པའི་ཐབས་སུ་གསུངས་ལ། སེམས་ཅན་ཐམས་ཅད་ཀྱིས་དེ་སྤྱོད་མི་ནུས་ཏེ་ལ་ལ་ཤིན་ཏུ་ཞི་བའི་ལས་ལ་སྤྱོད་པ་ཡོད་པས་དེའི་དབང་དུ་བྱས་ནས་གསུངས་ཀྱིས་དེས་ཐམས་ཅད་རྗེས་སུ་འཛིན་མི་ནུས་སོ། །གསང་སྔགས་ནི་སེམས་ཅན་ཐམས་ཅད་དགེ་བ་ལ་སྦྱོར་བའི་ཕྱིར་གསུངས་ཏེ། དེ་ཡང་རང་ངམ་བླ་མས་རང་བཞིན་མཚོན་པར་བྱས་ཏེ་རྨི་ལམ་བརྟག་པ་འམ། མེ་ཏོག་བབས་པ་འམ། ཡེ་ཤེས་དབབ་པ་འམ། ཕྱག་རྒྱ་བཅིང་བ་སོགས་སམ་སྤྱོད་པའི་སྒོ་ནས་མཚོན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གང་ལ་

4a

༄༅།        །ལྷག་པར་སྤྱོད་པ་ཡིན་པར་ཤེས་ནས་དེའི་རིགས་ཀྱི་བདག་པོ་ཡང་ངོས་བཟུང་སྟེ། འདོད་ཆགས་ཤས་ཆེ་ན་འོད་དཔག་མེད་བསྐྱེད་དེ་མཆོད་ནས་རང་གི་སྔགས་དང་ཕྱག་རྒྱ་རྗེས་སུ་དྲན་པ་འདོད་ཆགས་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་ལ་ཞུགས་ལ་སྙིང་རྗེས་ཁྱབ་པའི་དགའ་བའི་བདག་ཉིད་ཅན་རྟོག་པ་ཐམས་ཅད་སྤངས་པ་ཡིན་ནོ། །དེ་བཞིན་དུ་གཏི་མུག་ལ་སོགས་པའི་སེམས་སེམས་བྱུང་རྣམས་རྣམ་སྣང་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ཁྲོ་མོར་བསྐྱེད་པ་སོགས་རྒྱུད་སྡེ་སོ་སོ་དང་མཐུན་པར་བྱ་སྟེ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །དེ་ལྟར་ཕྲ་བ་ལ་སེམས་འཇོག་མི་ནུས་པ་ངག་གི་བརྗོད་པའི་སྒོ་ནས་འདོད་ཆགས་རྡོ་རྗེའི་ངོ་བོ་ཉིད་ལ་འཇུག་པ་ལ་གསུང་རྡོ་རྗེའི་ཏིང་ངེ་འཛིན་སྟོན་པ་ༀ་ཨཱཿཧཱུཾ་རྣམ་སྣང་དང་འོད་དཔག་མེད་དང་མི་བསྐྱོད་པའི་སྙིང་པོ་ཡིན་ལ་དེ་བཞིན་དུ་ཡི་གེ་གཞན་དང་གཞན་གྱིས་བསྟན་པའི་སྔགས་ཇི་སྙེད་པ་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་སྔགས་ལས་བྱུང་བ་ཡིན་པས་རང་རང་གི་དེ་ཁོ་ན་ཉིད་ལ་ཞུགས་ནས་རང་རང་གི་བདག་པོའི་རྣལ་འབྱོར་གྱིས་རང་རང་གི་ལས་བྱེད་པ་ཡིན་ནོ། །རགས་པའི་ཡུལ་ལ་ཞེན་པ་ཐོག་མར་ཕྲ་མོའི་བསྒོམ་པ་ལ་སྦྱོར་མི་ནུས་པ་ལ་རགས་པ་སྐུའི་དཀྱིལ་འཁོར་སྟོན་པ་ནི་རྒྱུད་རྣམས་ལས་འབྱུང་བ་བཞིན་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་དེ་སྔགས་གཟུང་ཞིང་དེ་ཁོ་ན་ཉིད་དུ་ཐིམ་པར་བྱས་ཞེ་སྡང་ལ་སོགས་པའི་རྟོག་པའི་དྲི་མ་དང་བྲལ་ནས་རིམས་ཀྱིས་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་བ་ཡིན། ཏིང་ངེ་འཛིན་གསུམ་ཀས་ཀྱང་དངོས་

4b

དང་བརྒྱུད་ནས་བསྐྱེད་པའི་ཁྱད་ཡོད་དོ། །དེ་ལྟར་ན་དཀྱིལ་འཁོར་གསུམ་བསྒོམས་པས། ཆགས་སོགས་ཉིད་ཐབས་ཀྱི་སྒོར་བསྟན་པ་ནི་རིགས་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་གསུངས་པའི་ཕྱིར་འདིར་ཆགས་སོགས་སྤང་བྱ་འམ་ཆགས་བྲལ་སོགས་བླང་བྱ་མེད་དེ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་རྟོགས་པས་ཡང་དག་པའི་ལྟ་བ་བསྐྱེད་ལ་དེས་གྲོལ་བར་འགྱུར་བའི་ཕྱིར། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེས་ནས་སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་མཁྱེན་ནས་གང་ལ་གང་འོས་སུ་རྒྱུད་སྡེ་བཞིར་སྤྲོས་ནས་གསུངས་པས་ཐབས་མང་བ་ཡིན་ནོ། །གསུམ་པ་ནི། གང་ཞིག་གང་དུ་ཇི་ལྟར་འདོད། །དེ་ཉིད་དེ་ལ་ངེས་སྦྱོར་ཞིང་། །འདོད་པའི་དོན་ནི་ཐོབ་མཛད་པའི། །དམ་པའི་དོན་ནི་ཐུབ་པས་གསུངས་ཞེས་ཏེ། སེམས་ཅན་གང་ཡུལ་གང་དུ་དུས་གང་གི་ཚེ་རང་ཉིད་ཇི་ལྟར་འདོད་པ་དེ་ལ་ངེས་པར་སྦྱོར་ཞིང་ཐབས་བདེ་བ་ཉིད་ཀྱིས་བྱང་ཆུབ་ཐོབ་པར་མཛད་པ་ཡིན་ནོ། །དེ་ཡང་འདི་ལྟར་ཉོན་མོངས་པ་དང་རྟོག་པ་ཤས་ཆུང་བ་སྙིང་རྗེ་ཆེ་ཞིང་དེ་ཁོ་ན་ཉིད་ཚོལ་བར་བརྩོན་པའི་དབང་པོ་ཡང་རབ་ལ་ཕྱི་ནང་གི་བྱ་བ་འམ་སྤྲོས་པ་སྤངས་ནས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །ཐ་མལ་གྱི་ཡུལ་ལ་ལོངས་སྤྱོད་པ་ལས་རྒྱབ་ཀྱི་ཕྱོགས་ཀྱང་ཉོན་མོངས་པའི་བག་ཆགས་ཀྱི་རྣམ་རྟོག་མ་སྤངས་པ་དབང་པོ་རབ་ཀྱི་འབྲིང་དོན་དམ་པའི་ཡེ་ཤེས་ལ་འཇུག་མི་ནུས་པ་ལ་ཕྱག་རྒྱ་ཆེན་པོའི་ཐབས་སུ་གྱུར་པ་སྤྲུལ་པའི་

5a

༄༅།        །རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱས་བསྟན་ཏོ། །དབང་པོ་རབ་ཀྱི་ཐ་མ་གཉིས་ཀྱི་ཡེ་ཤེས་ལ་དད་ཀྱང་འདོད་པའི་འདོད་ཆགས་ལ་ཆགས་ཤིང་དེའི་ཡུལ་ཉེ་ན་གཡེང་བར་འགྱུར་གྱི་ཏིང་ངེ་འཛིན་དུ་མི་འགྱུར་བ་ལ་རང་གི་རིགས་དང་ལང་ཚོ་ལ་སོགས་དང་ལྡན་པའི་    དམ་ཚིག་གི་ཕྱག་རྒྱ་བསྟན་ནོ། །འདོད་ཆགས་ལྷག་པར་ཆེ་ཞིང་བློ་ཆུང་བ་དབང་པོ་རབ་ཀྱི་ཐ་མ་ལ་ལས་ཀྱི་ཕྱག་རྒྱ་བསྟན་ཏེ། དེ་ལྟར་ན་སེམས་གང་གང་ལ་མངོན་པར་འདོད་པ་དེ་དེ་ཉིད་ལ་ངེས་པར་སྦྱོར་བས་སངས་རྒྱས་ཀྱི་གོ་འཕངས་ལ་འགོད་པས་དཀའ་བ་མེད་པ་་་་་་་་ཡིན་ནོ། །བཞི་པ་ནི། ཉན་ཐོས་པ་ནི་དེ་ཁོ་ན་ཉིད་ཀྱི་ཐབས་མ་ཤེས་པའི་ཕྱིར་དབང་པོ་བརྟུལ་ལ་ཕར་ཕྱིན་པ་ནི་ཐབས་ལ་འཁྲུལ་པའི་ཕྱིར། དབང་པོ་འབྲིང་ཡིན། གསང་སྔགས་པ་ནི་གང་དུ་འང་རྨོངས་པ་མེད་པས་དབང་པོ་རྣོན་པོ་ཡིན་ཏེ། གང་ཞིག་གཞན་གྱིས་བྱས་ན་ངན་འགྲོར་འགྲོ་བ་དེ་ཉིད་ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་སངས་རྒྱས་ཀྱི་རྒྱུར་སྒྱུར་བར་བྱེད་ནུས་པའི་ཕྱིར་རོ། །དེ་ལྟར་བཞིས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཡང་སློབ་དཔོན་ཛྙཱ་ན་ཤྲཱིས་སྔགས་ཀྱི་ཐེག་པ་འདི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དབུ་མ་ལས་ཀྱང་ཁྱད་པར་ཅི་ཡོད་པ་བསྟན་ཏེ། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང་། སྒྲུབ་པ་བླ་ན་མེད་པ་དང་། ཡེ་ཤེས་བླ་ན་མེད་པ་དང་། བརྩོན་འགྲུས་བླ་ན་མེད་པ་དང་། གདུལ་བྱ་མ་ལུས་པ་འཛིན་ནུས་པ་དང་། ཉོན་མོངས་པ་མ་ལུས་པ་བྱིན་གྱིས་རློབ་པ་དང་། བྱིན་གྱིས་རློབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། ཉོན་

5b

མོངས་པ་སྤོང་བ་དང་། བསམ་པ་བླ་ན་མེད་པ་དང་། སྤྱོད་པ་བླ་ན་མེད་པའི་ཐབས་ལ་མཁས་པ་སྟེ་དེ་ལྟར་ཐབས་ལ་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །ཞེས་གསུངས་སོ། །ཡང་སློབ་དཔོན་དེ་ཉིད་ཀྱིས་ཐབས་མྱུར་བ་དང་། སླ་བ་དང་། མང་བ་དང་། མཁས་པ་ཞེས་བྱའོ་ཞེས་བཤད་པ་ནི་ཕལ་ཆེར་སྔར་གྱིས་ཤེས་མོད་ཀྱི་ཅུང་ཟད་བཤད་ན་ནི་ཕྱི་མཚན་ཉིད་ཀྱི་ཐེག་པར་ནི་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་དང་གྲངས་མེད་པ་བཅུ་དང་། ཉན་རང་སླར་ལོག་ནས་ཐེག་ཆེན་ལམ་དུ་ཞུགས་པས་གྲངས་མེད་པ་བཞི་དང་། གཞན་གྱིས་གྲངས་མེད་གསུམ་ན་འཚང་རྒྱ་བར་གསུངས་ལ། འདིར་ཚེ་གཅིག་དང་སྐྱེ་བ་བདུན་དང་སྐྱེ་བ་བཅུ་དྲུག་ལ་སོགས་པས་དབང་པོ་རབ་འབྲིང་ཐ་གསུམ་གྱིས་འགྲུབ་པའི་ཕྱིར་རོ། །གལ་ཏེ་ཕར་ཕྱིན་གྱི་ཐེག་པར་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས་འདོད་ན་ཞག་བདུན་གྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ་ཞེས་གསུངས་ཤིང་། དེ་བཞིན་གཤེགས་པ་སྐར་རྒྱལ་ལ་ཚིགས་སུ་བཅད་པ་གཅིག་པས་ཞག་བདུན་དུ་བསྟོད་པས་བསྐལ་པ་དགུའི་ཚོགས་འདུམས་པ་སོགས་བཤད་པས་བརྩོན་འགྲུས་དང་ལྡན་ན་གྲངས་མེད་གསུམ་ལ་སོགས་པའི་ངེས་པ་མེད་ཅིང་བརྩོན་འགྲུས་དང་མི་ལྡན་ན་སྔགས་ཀྱིས་ཀྱང་མྱུར་དུ་མི་ཐོབ་པའི་ཕྱིར་ཁྱད་པར་མེད་དོ་ཞེ་ན་སྐྱོན་མེད་དེ། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་ནི་ས་བརྒྱད་པ་ཡིན་ལ་དེ་ཐོབ་ནས་ཞག་བདུན་ནས་འཚང་རྒྱ་བར་ནུས་ཀྱང་དེ་ཐོབ་ཀྱི་བར་ལ་བསྐལ་པ་གྲངས་མེད་གཉིས་དགོས་པར་བཤད་ཀྱི། དེ་བས་མྱུར་བ་མ་བཤད་པའི་ཕྱིར་དང་།

6a

༄༅།        །བསྐལ་པ་དགུ་ལ་སོགས་པའི་ཚོགས་དུས་ཐུང་ངུ་ལ་རྫོགས་ཀྱང་བསྐལ་པ་གྲངས་མེད་ཀྱི་ཚོགས་རྫོགས་པར་བཤད་པ་མེད་པའི་ཕྱིར་དང་། འདིར་ཚེ་གཅིག་གིས་འགྲུབ་པ་ལ་སོགས་པའི་ལུང་རྣམ་དག་ཡོད་པའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་བླ་མེད་ལ་དེ་ལྟར་ཡིན་ཡང་རྒྱུད་སྡེ་འོག་མ་རྣམས་ལ་དེ་མི་རུང་ངོ་ཞེ་ན་མ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས་སྐྱེ་བ་འདི་ལ་འགྲུབ་པར་འགྱུར་ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དང་། རྡོ་རྗེ་རྩེ་མོ་ལས། བསྐལ་པ་གྲངས་མེད་པ་རུ་བྱུང་། །ས་ཡི་ཕ་རོལ་ཕྱིན་པའི་མཆོག །གང་ཕྱིར་གསང་བ་མཐོ་བ་ཐོབ། །རབ་ཏུ་དགའ་བ་འགྲུབ་པར་འགྱུར། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ་ཞེས་གསུངས་པས་སོ། །དེའི་དོན་ཡང་བྱ་སྤྱོད་ཀྱི་ལུགས་ཀྱིས་རྫས་སྔགས་ལ་བརྟེན་པའི་རིག་འཛིན་གྱི་དངོས་གྲུབ་ཐོབ་ནས་ལྷའི་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་བཞིན་དུ་ལམ་བསྒོམས་པས་སངས་རྒྱས་ཐོབ་པར་འདོད་དོ། །རྣམ་སྣང་མངོན་བྱང་ལས་དེས་དེ་རྣམས་ཡིད་རབ་ཏུ་དགའ་ཞིང་ཚེ་རིང་པོ་ཡང་རབ་ཏུ་ཐོབ་ནས་འདོད་པའི་ཡོན་ཏན་ལྔ་དག་གིས་རྩེ་དགའ་ཡོངས་སུ་སྤྱོད་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་འཇིག་རྟེན་དང་མི་མཐུན་པའི་ལམ་འདི་འགྲུབ་པར་འགྱུར་རོ་ཞེས་གསུངས་པས་སོ། །རྣལ་འབྱོར་གྱིས་རྒྱུད་དུ་ནི་ཆོས་ལྡན་གྱི་གང་ཟག་ནི་དཀྱིལ་འཁོར་དུ་བཅུག་སྟེ་

6b

ཡེ་ཤེས་བབས་པ་ཙམ་གྱིས་ས་དང་པོ་ཐོབ་ཅིང་དེ་ནས་ཤིན་ཏུ་མྱུར་བར་འཚང་རྒྱ་ལ། ཆོས་མི་ལྡན་གྱི་གང་ཟག་ནི་ཕྱིས་མི་དགེ་བ་ལས་ལྡོག་པའི་སྡོམ་པ་བླངས་ནས་རིམས་ཀྱིས་འཚང་རྒྱ་ཞིང་ཐ་མ་འང་སྐྱེ་བ་བཅུ་དྲུག་ནས་འཚང་རྒྱ་སྟེ། རྡོ་རྗེ་རྩེ་མོར་སྔར་གྱི་དེའི་རྗེས་ལ་རབ་ཏུ་དགའ་བའི་ས་ཐོབ་ཅིང་། །རྡོ་རྗེ་ཉིད་ནི་ཐེ་ཚོམ་མེད། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །རབ་ཏུ་དགའ་བ་ཐོབ་པ་འམ། །ཡང་ན་རྡོ་རྗེ་ཉིད་ཀྱང་ངོ་། །ས་ལ་ཉི་ཟླ་ལྷུང་བྱེད་ཅིང་། །དེ་ནི་ནམ་མཁའི་རང་བཞིན་འགྱུར། །སོ་སོ་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན་ཞེས་པ་དང་། སློབ་དཔོན་ཀུན་སྙིང་གིས་དེ་རྣམས་ནི་འཇུག་པ་ཙམ་ཉིད་ཀྱིས་ཡེ་ཤེས་བབས་པར་འགྱུར་རོ། །དེ་ནས་ཡེ་ཤེས་བབས་པ་དེས་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི་དབང་པོ་རྣོ་ཞིང་བརྩོན་འགྲུས་ཆེ་བས་ཚེ་འདི་ཉིད་ལ། འབྲིང་འཆི་ཁའི་བར་དོ། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ནས་འགྲུབ་སྟེ། འདུས་པར། གང་གཱའི་བྱེ་མ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བརྩལ་ཡང་བྱང་ཆུབ་པར་མི་འགྱུར་བ་གང་ཡིན་    ་པ་དེ་གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་གསུངས་པའི་དོན། སློབ་དཔོན་ཛྙཱ་ན་ཀཱ་རས་དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། ཕྱུགས་ཀྱི་ཤིང་རྟས་དུས་རིང་གིས། །འགྲོ་བར་བྱ་བའི་གནས་དེར་ནི། །རྐང་

7a

༄༅།        །མགྱོགས་གྲུབ་པའམ་ཉི་ཟླས་ནི། །མྱུར་བ་ཉིད་དུ་འགྲོ་བར་འགྱུར། །དེ་བཞིན་ཕ་རོལ་ཕྱིན་པ་འམ། །ལམ་གཞན་དག་ལ་བརྟེན་ནས་ནི། །ཡུན་རིང་འཇུག་པར་འགྱུར་བ་དེར། །སྔགས་པས་ཚེ་འདིས་འཇུག་པ་ནི། །མཉམ་མེད་མཐུ་ལ་བརྟེན་ཕྱིར་རོ། །ཞེས་གསུངས་ཤིང་། སློབ་དཔོན་དེའི་དགོངས་པས་ས་ཐོབ་པའམ་རིག་འཛིན་ཐོབ་པ་གྲུབ་པ་ཐོབ་པ་ཡིན་ལ་དེ་ཚེ་གཅིག་ལ་ཐོབ་པ་ལ་དགོངས་པར་བཞེད་དོ། །ཡང་གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་ནས་རིག་འཛིན་ཐོབ། རིག་འཛིན་གྱི་ཚེ་དེ་ཉིད་ལ་སངས་རྒྱས་ཐོབ་པར་མཉམ་སྦྱོར་གྱི་འགྲེལ་པར་བཤད་ཅིང་། མཉམ་སྦྱོར་བརྟག་པ་བདུན་པ་ལས་ཀྱང་ཚེ་འདིས་རིག་འཛིན་ཐོབ་བྱེད་ཅིང་། དེ་ནས་རིམས་བཞིན་གོམས་པའི་མཐུས། །ངེས་པའི་དོན་གྱི་སངས་རྒྱས་ཚེ། །བདེ་ཆེན་སྐུ་གསུམ་གཉིས་མེད་འགྲུབ་ཅེས་སོ། །དུས་འཁོར་ལས་ནི་ཁམས་དྲུག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་ཚོགས་གཉིས་ལྡན་གྱི་མིའི་སྐྱེ་བ་ལ་འགྲུབ་པར་འདོད་དེ། དྲི་མེད་འོད་ལས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་པ་ནི་སྐྱེ་བ་འདིའི་མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔའི་སྐྱེ་བ་ལ་ནི་མ་ཡིན་ནོ། །ཞེས་དང་རྡོ་རྗེ་སྙིང་འགྲེལ་ལས། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་བ་ཞེས་བྱ་བ་ནི་ཡང་དང་ཡང་དུ་མིའི་སྐྱེ་བ་བླངས་ནས་གྲུབ་པ་ལ་བྱའི་ལྷ་དང་ལྷ་མིན་ལ་སོགས་པ་ནི་མ་ཡིན་ནོ་ཞེས་སོ། །གལ་ཏེ་དེ་ལྟར་ཚེ་གཅིག་ལ་འགྲུབ་པར་བཤད་པ་ནི་ཚོགས་རྒྱ་ཆེན་པོ་བསགས་པས་མཐོན་པོར་ཆུད་པའི་གང་ཟག་གཅིག་ལ་དགོངས་ཀྱིས་སོ་སོའི་སྐྱེ་བོས་འགྲུབ་པ་མ་ཡིན་

7b

ནོ་ཞེ་ན་མ་ཡིན་ཏེ་དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར་ཞེས་གསུངས་པས་མཚམས་མེད་བྱེད་བཞིན་པའི་གང་ཟག་ཀྱང་ཕྱིས་བརྩོན་པས་བསྒྲུབས་ན་སྐྱེ་བ་འདི་ལ་འཚང་རྒྱ་བར་བཤད་ཅིང་། འཕགས་པ་མཚམས་མེད་བྱེད་པ་མི་སྲིད་པའི་ཕྱིར་རོ། །ཡང་གང་ཟག་རྫོགས་རིམ་འོད་གསལ་གྱི་བདེན་པ་མཐོང་ཡང་ལེ་ལོ་དང་འབྱོར་པའི་དབང་གིས་སྤྱོད་པ་མ་སྤྱད་པ་ནི་འཆི་ཁ་དང་བར་དོའི་མན་ངག་གཅིག་ཏུ་བྱེད་པའི་བསམ་གཏན་ལ་བརྟེན་ནས་འཆི་ཁ་འོད་གསལ་ཆོས་ཀྱི་སྐུ་ལས་བར་དོ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་སྟེ། ཞལ་ལུང་ཆེན་མོ་ལས། བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པའི། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ལས་སྐྱེ་བ་གཞན་དུ་ནི། །འཕེན་པར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར་ཞེས་སོ། །ཡང་གང་ཟག་ཚེ་དེ་ལ་སྒྲུབ་པར་མ་ནུས་པ་འཆི་ལྟས་ཀྱི་མཚན་མ་མཐོང་ནས་རིམས་ལ་སོགས་པས་མ་ཕོག་པའི་གོང་དུ་འཕོ་བ་བྱས་ན་མཆོག་འགྲུབ་སྟེ། གདན་བཞི་ལས་འཆི་བར་འགྱུར་བའི་དུས་བྱུང་ན། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོང་བ་མཆོག་ཡིན་ནོ། །ཞེས་གསུངས་ཤིང་དེའི་ཕན་ཡོན་ཡང་ཚིག་དགུ་ལས་ནི་ཡར་གཏོང་ན། མོད་ལ་འཕོ་བ་ཞེས་བྱའོ། །

8a

༄༅།        །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་དག་བྱེད་པ་དང་། །རྐུ་དང་འདོད་པ་ལོངས་སྤྱོད་དང་། །འདི་ཡི་ལམ་གྱིས་འགག་པར་འགྱུར། །སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོ་རིང་བར་འགྱུར་ཞེས་གསུངས་སོ། །གལ་ཏེ་འཕོ་བས་མཆོག་མ་གྲུབ་ན་རིག་འཛིན་གྲུབ་ཅིང་དེ་ནས་རིམས་གྱིས་མཆོག་འགྲུབ་པར་གསུངས་ཏེ་ཞལ་ལུང་ཆེན་མོ་ལས། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པའི་འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར་ཞེས་གསུངས་པས་སོ། །གལ་ཏེ་བརྩོན་འགྲུས་དང་མི་ལྡན་པ་ལྟུང་བ་མེད་པ་ནི་སྐྱེ་བ་གསུམ་མམ་བདུན་ནས་འགྲུབ་སྟེ་གསང་སྔགས་ལ་འཇུག་པར། རྒྱུ་དང་ལྡན་ཡང་རྐྱེན་འགའ་ཞིག །སྨན་གྱི་ལྗོན་ཤིང་ཆེན་པོ་ལྟར། །མ་ཚང་བ་ནི་ཚེ་གསུམ་གྱིས། །སྟོང་ཉིད་ལེགས་མཐོང་དུས་མེད་གྲོལ་ཞེས་པ་དང་། གསང་བའི་མཛོད་ལས་ཀྱང་། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་སངས་རྒྱས་ཐོབ་ཅེས་གསུངས་ཤིང་། དྲི་མེད་འོད་ལས་ཀྱང་སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་པས་ཀྱང་ངོ་ཞེས་པ་ངེས་པའོ། །ཞེས་གསུངས་པས་སོ། །དུས་འཁོར་དུ་སྐྱེ་བ་བདུན་བས་མང་བ་མ་གསུངས་ལ། བླ་མ་དག་ནི་ཐ་མས་སྐྱེ་བ་བཅུ་དྲུག་ནས་འགྲུབ་པར་གསུངས་ཏེ་རྩེ་མོར་ཡང་། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར། །སྐྱེ་བ་

8b

བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར་ཞེས་གསུངས་སོ། །ལམ་འདི་འགྲུབ་པའི་རྒྱུའི་གཙོ་བོ་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་དང་། ཚེ་འདིའི་ལམ་བཟང་པོའི་བག་ཆགས་དང་སྨོན་ལམ་གྱི་སྟོབས་ཡིན་ནོ། །དེ་ལྟར་ལམ་མྱུར་བའི་ཁྱད་པར་ཡིན་ལ་ཐབས་སླ་བ་དང་མང་བ་ནི་སྔར་བཤད་ཅིང་ཐབས་ལ་མཁས་པ་ནི་མ་རྨོངས་པ་དང་འདྲའོ། །