བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༤. བསྲུང་བྱ་དམ་ཚིག་གི་ཁྱད་པར།
Previous Chapter
Next Chapter

(༤. བསྲུང་བྱ་དམ་ཚིག་གི་ཁྱད་པར།)

 བཞི་པ་ནི། ཇོ་བོ་རྗེས་དམ་ཚིག་བསྡུས་

14a

༄༅།        །པ་ལས་ཐུན་མོངས་གི་རྩ་བའི་ལྟུང་བ་བཞི་དང་། ཕ་རོལ་ཏུ་ཕྱིན་པའི་རྩ་བའི་ལྟུང་བ་བཅུ་གཉིས་དང་། ཀྲི་ཡའི་རྒྱུད་ཀྱི་རྩ་བའི་ལྟུང་བ་སུམ་ཅུ་དང་། སྤྱོད་པའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་། རྣལ་འབྱོར་གྱི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡང་ལྔ་དང་། ཡང་བཞི་དང་། རྩ་བའི་ལྟུང་བ་བདུན་ཅུ་ཐམས་པའོ། །ཞེས་གསུངས་ཏེ། དེ་ལ་བྱ་བའི་རྒྱུད་ཀྱི་ལྟུང་བ་སུམ་ཅུ་ནི་འདི་ཡིན་ཞེས་བྱ་བ་གསུངས་པའི་གསལ་ཁ་མ་མཐོང་ངོ་། །ལེགས་པར་གྲུབ་པའི་རྒྱུད་ལས་རིགས་སྔགས་ཀྱི་འདུལ་བ་ལ་གསུངས་པ་རྣམས་ཡིན་ནམ་འོན་ཏེ་གཞན་ཡིན་དཔྱད་པར་བྱའོ། །སྤྱོད་པའི་རྒྱུད་ཀྱི་རྩ་ལྟུང་ནི་རྣམ་སྣང་མངོན་བྱང་ལས། བྱང་ཆུབ་སེམས་དཔས་སྲོག་གཅོད་པ་དང་ཞེས་པ་ནས། ལོག་པར་ལྟ་བ་ནས་སླར་ལྡོག་པར་བྱའོ་ཞེས་པའི་བར་མི་དགེ་བ་བཅུ་དང་། ཡང་དེ་ཉིད་ལས་ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཉམས་པར་མི་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ་དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པའོ་ཞེས་གསུངས་པས་མི་དགེ་བ་བཅུས་སྡོམ་པ་ཉམས་ཤིང་རྩ་བ་ནས་ཆད་པར་བཤད་པས་རྩ་ལྟུང་བཅུ་བཞིར་འགྱུར་ལ་ཁྱིམ་པའི་ལྔ་ནི་མཚན་ཉིད་མཐུན་པའི་ཕྱིར་རབ་བྱུང་གི་བཅུའི་ནང་དུ་འདུས་ལ། གཉིས་ཀའི་ཐུན་མོངས་གི་བཞི་སྟེ། རྩ་ལྟུང་བཅུ་བཞི་ཡིན་ནོ། །རྣལ་འབྱོར་གྱི་རྩ་ལྟུང་ནི་རྡོ་རྗེ་རྩེ་མོ་ལས།

14b

དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་པས་ལོག་པར་མི་སྤྱད་བཞིན། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་  གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདའ་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཅེས་གསུངས་པའི་དོན་ལ་བླ་མ་གོང་མ་ཁ་གཅིག །དེ་ལས་གཞན་པ་ཞེས་པའི་ཚིག་ལ་བརྟེན་ནས་སྲོག་གཅོད་པ་ནས་མཚན་མ་འགོམ་པའི་བར་བཅུ་བཞི་རྩ་བའི་ལྟུང་བར་བཞེད་མོད་ཀྱི། སློབ་དཔོན་ཀུན་དགའ་སྙིང་

15a

༄༅།        །པོས་རིགས་ལྔའི་སྡོམ་པ་ལ་བཞེད་ཅེས་གཉན་སྟོན་ཚུལ་འབར་གསུངས་ཏེ། དེ་ཉིད་སྣང་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །ཞེས་བྱ་བ་ལ་སོགས་པ་ཕས་ཕམ་པ་བཅུ་བཞི་ལས་ལྡོག་པའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པའི་ཕྱིར་དང་། དཔལ་མཆོག་ནས། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ་ཞེས་པའི་འགྲེལ་པར་ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ་ཞེས་བྱ་བས་འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ་ཞེས་གསུངས་པས་དཔྱད་པར་བྱའོ། །རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་རྩ་ལྟུང་གྲགས་པ་ཆེ་བས་མ་བྲིས་ལ་ལྟུང་བ་སྦོམ་པོ་དང་། ཡན་ལག་གི་ལྟུང་བ་ལ་སོགས་པ་མཐའ་ཡས་པ་གཅིག་ཡོད་དེ་སོ་སོའི་གཞུང་དུ་ཤེས་པར་བྱའོ། །