བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༡༽.སྤྱིའི་མིང་གི་རྣམ་གྲངས་ངེས་ཚིག་དང་བཅས་པ།
Previous Chapter
Next Chapter

(༡༽.སྤྱིའི་མིང་གི་རྣམ་གྲངས་ངེས་ཚིག་དང་བཅས་པ།)

རྡོ་རྗེ་ཐེག་པ་དང་། གསང་སྔགས་དང་། འབྲས་བུའི་ཐེག་པ་དང་། རིག་པ་འཛིན་པའི་སྡེ་སྣོད་དང་། རྒྱུད་སྡེ་ཞེས་བྱ་བ་རྣམས་མིང་གི་རྣམ་གྲངས་ཡིན་ལ། དེ་རྣམས་ཀྱི་ངེས་ཚིག་ནི་ཕ་རོལ་ཏུ་ཕྱིན་པའི་

18b

ཚུལ་དང་། འབྲས་བུ་སྔགས་ཀྱི་ཚུལ་ཐབས་ཤེས་རབ་གཉིས་དབྱེར་མི་ཕྱེད་པ་རྡོ་རྗེ་ཡིན་ལ། དེར་འདིས་བགྲོད་པར་བྱེད་པའམ། འདིས་སངས་རྒྱས་སུ་བགྲོད་པར་བྱེད་པས་ཐེག་པ་ཡང་ཡིན་པས་རྡོ་རྗེའི་ཐེག་པ་སྟེ། དྲི་མེད་འོད་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཆེན་པོ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་སོ། །ཡང་གསང་ཞིང་སྦས་པས་འགྲུབ་ལ་སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་གསང་བ་ཡིན་ལ། སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་སྒྲུབ་པར་བྱེད་པའི་ཕྱིར་རམ། ཡིད་སྐྱོབ་པར་བྱེད་པའི་ཕྱིར་གསང་སྔགས་ཏེ། མནྟྲ་ལས། མ་ན་ཡིད། ཏྲ་ཡ་སྐྱོབ་པར་བྱེད་པ་སྟེ། འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ་ཞེས་སོ། །ཡང་ཕྱི་མཚན་ཉིད་ལ་རྒྱུའི་ཐེག་པ་དང་། ནང་སྔགས་ལ་འབྲས་བུའི་ཐེག་པ་ཞེས་བརྗོད་པ་ནི། རྣམ་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་རྒྱུ་ཡིན་ལ། དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་གཙོ་བོར་སྟོན་པས་རྒྱུའི་ཐེག་པ་ཞེས་བྱ་ལ་འགྱུར་བ་མེད་པའི་

19a

༄༅།        །བདེ་བ་ཆེན་པོ་འབྲས་བུ་ཡིན་ལ། དེ་སྔགས་ཀྱི་ཐེག་པས་གཙོ་བོར་སྟོན་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་བརྙན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཤེས་བྱ་བར་བཤད་ཅེས་གསུངས་སོ། །ཡང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། དེ་ནི་སྐུ་དང་ལོངས་སྤྱོད་དང་གནས་དང་མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་སྟེ། ལམ་ཐམས་ཅད་ཀྱི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་པའི་ཕྱིར་ཞེས་གསུངས་སོ། །ཡང་རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི། དཔུང་བཟངས་ཀྱི་འགྲེལ་པ་ལས་རིགས་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི་རིགས་སྔགས་འཆང་རྣམས་ཀྱི་བསླབ་པའི་གཞི་དང་ལྟ་བའི་ལུང་གི་གྲུབ་པའི་མཐའ་འདི་ཉིད་ཀྱིས་སྟོན་པའི་དོན་ཏེ་ཞེས་བཤད་པ་ལྟར་རོ། །རྒྱུད་སྡེ་ལ་རྒྱུད་ཀྱི་དོན་ནི་འོག་ཏུ་འཆད་ལ་ངེས་པའི་ཚིག་ནི་ཡི་གེ་ཕྱིས་བསྣན་གྱི་ངེས་ཚིག་གིས། ཏནྟྲ་ལ། ཙིནྟ་སེམས། ཏྲ་ཡ་སྐྱོབ་པ་སྟེ། དཀའ་འགྲེལ་ཡེ་ཤེས་ལྡན་ལས། དེས་སེམས་རྣམ་པར་རྟོག་པ་ལས་སྐྱོབ་པར་བྱེད་པས་ན་རྒྱུད་དོ། །རྒྱུད་ཀྱི་ཚོགས་སམ། རིས་སུ་གྱུར་པས་ན་རྒྱུད་སྡེའོ། །ཡང་ཐབས་ཀྱི་ཐེག་པའམ་ཐེག་པ་ཆེན་པོ་ཞེས་ཀྱང་བྱ་སྟེ། མཐའ་གཉིས་སེལ་བ་ལས་དེ་ལྟར་ཐབས་མཁས་པ་བཅུ་

19b

གཅིག་པོ་འདི་དག་གིས་འཕགས་པས་ན་འདི་ཐབས་ཀྱི་ཐེག་པ་ཞེས་བྱའོ། །ཐེག་པ་ཆེན་པོའི་ཡང་ཆེན་པོ་ཞེས་བྱའོ། །