བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༢. བྱ་བའི་རྒྱུད་ཀྱི་རྒྱུད་སྡེ་གསུམ་དུ་བསྡུ་བ།
Previous Chapter
Next Chapter

(༢. བྱ་བའི་རྒྱུད་ཀྱི་རྒྱུད་སྡེ་གསུམ་དུ་བསྡུ་བ།)

གཉིས་པ་ནི། དེ་ལྟར་རིགས་དྲུག་ཀྱང་གསུམ་དུ་འདུས་ཏེ། དཔུང་བཟངས་ཀྱི་བསྡུས་དོན་དགྲོལ་བའི་རྗེད་བྱང་ལས། ཅོད་པན་ནི་པདྨའི་རིགས་ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་འགབ་ཏུ་ཕལ་ཆེར་འདུས་པར་རིག་པར་བྱའོ། །དེ་དག་གིས་མ་བསྡུས་པ་དེ་དག་ནི་དེ་བཞིན་གཤེགས་

21a

༄༅།        །པའི་བྱིན་གྱིས་བརླབས་པ་ལས་བྱུང་བ་ཡང་མ་ཡིན། ཡང་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགས་སུ་སྐྱེས་པ་ཡང་མ་ཡིན་པས་དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་གདམས་ཏེ། ཞེས་བཤད་པས། མཚན་ཉིད་དང་སྔགས་ལ་བལྟོས་ན་ནོར་བུའི་རིགས་དང་རྒྱས་པའི་རིགས་གཉི་ག་རྡོ་རྗེའི་རིགས་སུ་འདུ་བ་འདྲའོ། །དཔུང་བཟངས་ལས། ཁ་ཅིག་ངའི་རིགས་སུ་གཏོགས་པ་སྟེ། །ཁ་ཅིག་ཀྱང་ནི་པདྨའི་རིགས་སུ་གཏོགས། །ཁ་ཅིག་ནོར་གྱི་རིགས་སུ་གཏོགས་པ་ཡིན། །གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམ། །ནོར་སྤྱོད་ཅེས་བྱ་ནོར་གྱི་རིགས་སུ་གསུངས། །ང་ནི་རྡོ་རྗེའི་རིགས་ལས་རབ་ཏུ་བསྟན། །སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ། །རིགས་བཞི་པ་ནི་འདིར་ནི་ལྔ་རྩེན་ཡིན་ཞེས་གསུངས་ལ། འཇིག་རྟེན་པས་ཕུལ་བའི་གསང་སྔགས་ཁ་ཅིག་རིགས་ལ་བརྟེན་པའི་གནས་མེད་པས་རྣམ་པར་འཁྱམས་པ་སྟེ་རིགས་ལོགས་པ་ཡིན་པར་བསྟན་ཏོ། །འོ་ན་དེ་བཞིན་གཤེགས་པའི་རིགས་ཀྱིས་མ་བསྡུས་སམ་ཞེ་ན། དེའི་རིགས་སུ་གཏོགས་པ་ནི་གཙུག་ཏོར་ལ་སོགས་པའི་ཡེ་ཤེས་ལས་བྱུང་བ་ཡིན་ལ། འདི་དག་རྣམ་སྨིན་ལས་བསྐྱེད་པ་ཡིན་པའི་ཕྱིར། རིགས་དངོས་ཀྱིས་མ་བསྡུས་ཀྱང་དད་པས་སངས་རྒྱས་ལ་རིགས་སྔགས་ཀྱི་ཆོ་ག་ཕུལ་བ་ཡིན་པས་དེ་བཞིན་གཤེགས་པ་མ་བརྟེན་པ་ཞེས་བྱ།

21b

དངོས་སུ་རིགས་ལྔ་ཅར་གྱིས་མ་བསྡུས་པས་ཡོངས་སུ་འཁྱམས་པ་ཡིན་ཏེ། ཡོངས་སུ་འཁྱམས་པའི་རིགས་སོ་ཞེས་ཚིག་དོན་དགྲོལ་བའི་བརྗེད་བྱང་ལས་བཤད་ཅིང་དཔུངས་བཟངས་ལས་ཀྱང་། གཞན་ཡང་འདི་ན་ཁ་ཅིག་གནས་མེད་ཅིང་། །བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམས་པ། །མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང་། །འབྱོར་པ་འདོད་པའི་མིས་ནི་རྣམ་པར་སྦྱར་ཞེས་འཕགས་པའི་རིགས་ལྔ། འཇིག་རྟེན་པའི་རིགས་དྲུག་ཀ་ལ་དཔུང་བཟངས་ལས་བྱུང་བའི། ཆོ་ག་བཞིན་སྦྱར་བར་བྱ་བར་བཤད་དོ། །