(༢ བསྐྱེད་རིམ་གྱི་ཁྱད་པར་གྱི་དབྱེ་བ།)
གཉིས་པ་ནི། འབྱུང་བ་རིམ་བརྩེགས་ཞུ་བ་ལས་རྡོ་རྗེའི་སའམ་གཞལ་ཡས་ཁང་བསྐྱེད་པ་ནི་ཐབས་རྒྱུད། འབྱུང་བ་རིམ་རྩེག་གི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་ཤེས་རབ་ཀྱི་རྒྱུད་དེ། དྲི་མེད་འོད་ལས། ཐབས་ཀྱི་རྒྱུད་ལ་འདི་ཉིད་ཀྱིས་ཁང་པ་བརྩེགས་པ་ལ་སོགས་པ་བྱ་སྟེ། འདིར་ལྷུན་པོའི་སྟེང་དུ་དཀྱིལ་འཁོར་དུ་མི་འགྱུར་རོ་ཞེས་དང་། ཡེ་ཤེས་ལེའུ་ལས། དེ་ནས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱ་སྟེ། དེའི་དབུས་སུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་སའོ། །ཡང་ན་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་དང་། ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་པའམ། རྡོ་རྗེའི་གུར་རོ་ཞེས་གསུངས་སོ། །དེའི་ཤུགས་ལས་འབྱུང་
༄༅། །བ་རིམས་བརྩེག་བསྐྱེད། དེ་ཞུ་བ་ལས་བྱུང་བའི་འབྱུང་བ་རིམ་བརྩེགས་བསྐྱེད། དེའི་སྟེང་དུ་གཞལ་ཡས་ཁང་བསྒོམ་པ་ནི། གཉིས་སུ་མེད་པའི་རྒྱུད་དོ། །ཡང་ཡེ་ཤེས་དགུག་གཞུག་ལ་སོགས་པའི་ལས་ཐམས་ཅད་ལ་རྣལ་འབྱོར་མ་རྣམས་རྒྱུ་ཞིང་ཐབས་མི་གཡོ་བར་གནས་པ་ཤེས་རབ་ཀྱི་རྒྱུད། ཐབས་གཡོ་ཞིང་ཤེས་རབ་མི་གཡོ་བར་གནས་པ་ཐབས་ཀྱི་རྒྱུད་དོ། །ཡེ་ལེ་ལས། ཀུན་རྫོབ་ཀྱིས་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་། གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །ཞེས་པ་དང་། ཡང་ཉིན་མཚན་མཉམ་པ་དག་པས། ཡབ་ཡུམ་ཞལ་ཕྱག་མཉམ་པ་ནི་ཐབས་རྒྱུད། སྔ་ཕྱིའི་ཐུན་མཚམས་དག་པས་ཡབ་ཡུམ་ཞལ་ཕྱག་མི་མཉམ་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །ཡེ་ལེ་ལས། དེ་བཞིན་དུ་སྔ་མ་དང་ཕྱི་མའི་ཐུན་མཚམས་ནི་རྣལ་འབྱོར་མའི་རྒྱུད་ཀྱིས་འཁྱུད་པ་སྟེ། ཞལ་གཅིག་དང་ཕྱག་བཞི་པ་དག་གམ་ཞལ་གཅིག་པ་ལ་སོགས་པ་དག་དང་། ཞལ་བརྒྱད་པ་ལ་སོགས་པ་དག་གིས་མི་མཉམ་པ་དང་མཉམ་པ་སྙོམས་པར་ཞུགས་པ་ལས་སོ། །རྣལ་འབྱོར་གྱི་རྒྱུད་ལས་ཞལ་དང་ཕྱག་མཉམ་པ་དག་གིས་འཁྱུད་པ་ནི་ཉིན་མོ་དང་མཚན་མོ་མཉམ་པའི་དུས་ལའོ་ཞེས་པ་དུས་ཀྱི་ཁྱད་པར་ངེས་པའོ་ཞེས་སོ། །
གཙོ་བོ་ཡབ་ཡུམ་ཞལ་ཕྱག་མི་མཉམ་ལ་འཁོར་ཞལ་ཕྱག་མཉམ་པ་གཉིས་མེད་ཀྱི་རྒྱུད་དུ་དོན་གྱིས་ཐོབ་པོ། །ཡང་ལྷ་གཙོ་འཁོར་ཕལ་ཆེ་བ་བཞུགས་པ་ནི་ཐབས་རྒྱུད། བཞེངས་པ་ནི་ཤེས་རབ་ཀྱི་རྒྱུད། འཁོར་བཞུགས་པ་གཙོ་བོ་བཞེངས་པ་ནི་གཉིས་མེད་ཀྱི་རྒྱུད་དེ། དྲི་མེད་འོད་ལས། དེའི་ཚེ་བཅོམ་ལྡན་འདས་བཞུགས་པ་ཡང་དཔལ་འདུས་པ་ལྟ་བུར་འགྱུར་རོ། །འདི་ལ་སྐྱོན་མེད་དེ། རིགས་མེད་པ་ཉིད་ཀྱིས་ཕྱིར་རོ། །ཞེས་པའི་རྩོད་ལན་གྱི་ཤུགས་ལ་བསྟན་ནོ། །ཡང་དེ་བཞིན་གཤེགས་པ་མཁའ་འགྲོ་མའི་སྐུར་སྟོན་ཞིང་མོས་གཙོ་བྱས་པའམ། འཁོར་མོ་ཚོགས་ཤས་ཆེ་བས་བསྐོར་བ་ནི་རྣལ་འབྱོར་མ་རྒྱུད། དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་སྟོན་འཁོར་ཕོ་ཚོགས་ཤས་ཆེ་བས་བསྐོར་བ་ནི་ཕ་རྒྱུད་དེ། གུར་ལས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་འགྲོ་མ་ནི་དམ་པའི་ཚོགས། །མཁའ་འགྲོ་ལྔ་པོ་རབ་སྒྲུབ་ཕྱིར། །མཁའ་འགྲོ་མའི་རྒྱུད་གསུངས་སོ། །ཞེས་སོ། །གཞན་ཡང་གདན་རིན་པོ་ཆེའི་ཁྲི་དང་ཕྱག་མཚན་གྱི་སྟེང་དང་། སེང་གེ་ལ་སོགས་པའི་ཁྲི་ལ་བཞུགས་པ་དང་། རྒྱན་རིན་པོ་ཆེའི་རྒྱན་དང་། ཕྱག་མཚན་འཁོར་ལོ་དང་རིན་པོ་ཆེ་ལ་སོགས་པ་ཤས་ཆེ་བ་དང་། ལྷ་ཁྲོ་མོ་བཞེངས་པ་རྣམས་གཡོན་བརྐྱང་། ཞི་བ་བཞུགས་པ་རྣམས་གཡོན་འགྱིང་དང་། ན་བཟའ་དར་ལ་སོགས་པ་ནི་ཐབས་ཀྱི་རྒྱུད། གདན་རོ་དང་ཐོད་པ་ལ་སོགས་པ་རྒྱན་རུས་རྒྱན་དང་མགོ་
༄༅། །ཕྲེང་དང་མི་ལག་ཆ་ལ་སོགས་པ་དང་། ཕྱག་མཚན་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་ཌ་མ་རུ་ལ་སོགས་པ་དང་། ལྷ་གཡས་བརྐྱང་དང་གཡས་འགྱིང་དང་། ན་བཟའ་མི་ལྤགས་དང་། གླང་ལྤགས་དང་། ན་བཟའ་མེད་པའི་གཅེར་བུ་རྣམས་མ་རྒྱུད་དོ་ཞེས་དང་། དཀྱིལ་འཁོར་ལ་དུར་ཁྲོད་ཡོད་པ་མ་རྒྱུད། མེད་པ་ཕ་རྒྱུད་དོ་ཞེས་བླ་མ་དག་གསུང་ངོ་། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས་ཀྱང་། གང་དུ་འཇིག་རྟེན་དང་རྗེས་སུ་མཐུན་པའི་ལྷའི་རྣམ་པ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་འཇིག་རྟེན་དང་འགལ་བའི་ལྷའི་རྣམ་པར་སྟོན་པ་ནི། ཤེས་རབ་ཀྱི་རྒྱུད་ཅེས་བྱ་བ་ལ་སོགས་པ་བརྟགས་པ་ཡིན་ནོ་ཞེས་སོ། །