བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༣ རྣམ་དག་གི་ཁྱད་པར་གྱི་དབྱེ་བ།
Previous Chapter
Next Chapter

(༣ རྣམ་དག་གི་ཁྱད་པར་གྱི་དབྱེ་བ།)

བཞི་པ་ནི། ཕུང་པོ་ལྔ་དག་པ་སངས་རྒྱས་ཡབ་ལྔར་སྟོན་པས་ཕ་རྒྱུད། ཁམས་ལྔ་རྣམ་པར་དག་པ་ལྷ་མོ་ལྔར་སྟོན་པ་མ་རྒྱུད་དེ། དྲི་མེད་འོད་ལས། འཇིག་རྟེན་གྱི་ཀུན་རྫོབ་ཏུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་ཕུང་པོ་དང་ཁམས་རྣམ་པར་དག་པ་ལས་ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་དབང་པོ་བརྟུལ་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་སོ་ཞེས་སོ། །གསང་བ་འདུས་པ་ལས་ཀྱང་། མདོར་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག་ཅེས་དང་། ཀྱཻའི་རྡོ་རྗེ་ལས་ཀྱང་། ས་ནི་པུཀྐ་པིར་བཤད་ལ། །འདི་ལྟར་གཏི་མུག་སྲ་བ་ཉིད། །ཅེས་སོགས་གསུངས་ཤིང་། རི་གི་ཨ་ར་ལིའི་རྒྱུད་ལས་ཀྱང་། གནས་ནི་སེམས་དང་ཉེ་བའི་གནས། །ས་དང་ཆུ་དང་མེ་དང་རླུང་། །འདིར་ཡང་ལྷ་མོ་རྣམ་པ་བཞི། །ཁ་དོག་དབྱེ་བ་གོང་མ་བཞིན། །ཞེས་དང་། ཡང་རླུང་རྣམ་པར་དག་པ་དེ་བཞིན་གཤེགས་པ་ལྔར་སྟོན་པས་ཕ་རྒྱུད། རྩ་རྣམ་པར་དག་པ་

27a

༄༅།        །མཁའ་འགྲོ་མར་སྟོན་པས་མ་རྒྱུད་དེ། རྡོ་རྗེ་ཕྲེང་བ་ལས། རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན་ཞེས་སོ། །ཀྱེ་རྡོར་ལས། རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བརྗོད་ཅེས་སོ། །ཡང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། གང་དུ་ཕྱི་ནང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཕྱི་ནང་གི་རྩ་དང་བྱང་ཆུབ་སེམས་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །ཞེས་ཀྱང་གསུངས་སོ། །