བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༢༽ ཉན་པ་པོ་སློབ་མ།
Previous Chapter
Next Chapter

(༢༽ ཉན་པ་པོ་སློབ་མ།)

གཉིས་པ་སྤང་བྱའི་སློབ་མ་ནི། སྡོམ་བྱུང་ལས། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་དང་བརྐམ་ཆགས་རྣམ་གཡེང་ཅན། །མ་རུངས་རྨོངས་པ་སྙོམས་ལས་ཅན། །གཞན་གྱི་སྲོག་ལ་བརྩེ་བ་བྲལ། །ཕ་རོལ་རྫས་ལ་མངོན་ཞེན་པ། །བླ་མས་རྟག་ཏུ་སྤང་བར་བྱ། །རྗེས་སུ་གཟུང་བར་འོས་པའི་སློབ་མ་ནི། དེ་ཉིད་ལས། བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །མི་དགེ་བཅུ་ནི་ཡོངས་སུ་སྤངས། །སེམས་ཅན་རྣམས་ཀྱིས་བལྟ་ན་སྡུག །འབར་བའི་མེ་དང་དུག་གཡོགས་བཞིན། །ཕ་རོལ་རྫས་ལ་རེག་མི་བྱེད། །རྟག་པར་རྒྱུན་དུ་བླ་མ་མཆོད། །དམ་ཚིག་ལྟ་བ་ལ་སྤྲོ་ཞིང་། །རྟག་ཏུ་སྦྱིན་པ་ལ་སོགས་དགའ། །འཇིག་རྟེན་ཕ་རོལ་མངོན་འདོད་པ། །

77a

༄༅།        །རབ་བསྔགས་སློབ་མ་དེ་རྣམས་ལ། །བསྟན་བྱ་དཀྱིལ་འཁོར་དགེ་བའོ། །ཞེས་གསུངས་ཤིང་རྡོ་རྗེ་མཁའ་འགྲོར་ཡང་ཞིབ་ཏུ་གསུངས་སོ། །དེ་ལྟར་དཔོན་སློབ་ཕན་ཚུན་ལོ་བཅུ་གཉིས་ཀྱི་གོང་ནས་བརྟག་དགོས་ཏེ། རྡོ་རྗེ་ཕྲེང་བར། ཇི་ལྟར་རིན་ཆེན་བརྡར་བ་དང་། །གསེར་ནི་བསྲེགས་དང་བཅས་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང་། །ལོ་ནི་བཅུ་གཉིས་བར་དུ་བརྟག །དེ་ཕྱིར་ཕན་ཚུན་དེ་ལྟ་བུས། །དུས་ཀུན་དུ་ནི་དེ་ལྟར་བརྟག་ཅེས་གསུངས་ཤིང་བརྟགས་པས་བསྟེན་དུ་རུང་བར་ཤེས་པ་དང་། སློབ་མས་གུས་པས་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་སྟེ། སྡོམ་འབྱུང་དུ། ཐལ་མོ་སྦྱར་བ་བྱས་ནས་ནི། །གུས་པའི་ཡིད་ཀྱིས་གསོལ་བཏབ་བྱ། །ཞེས་སོགས། སློབ་དཔོན་གྱིས་ཀྱང་ལེགས་པར་བརྟགས་ནས་སྣོད་དང་མི་ལྡན་ན་སྦྱིན་པར་མི་བྱ་སྟེ། རྡོར་ཕྲེང་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་གཞག་མི་བྱ། དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལས་འཆི། །འདི་དག་ཕ་རོལ་དུ་ནི་ཕུང་། །སྣོད་མིན་དག་ལ་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་སོ། །སྣོད་དུ་རུང་བར་ཤེས་ནས་ཐོག་མར་དབང་གིས་རྒྱུད་སྨིན་པར་བྱ་དགོས་ཏེ། ཡེ་ཤེས་ཐིག་ལེར། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །

77b

དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ་ཞེས་སོ། །